༢༠༡༧ ཟླ་ ༥ ཚེས་ ༢༡ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༡ རེས་གཟའ་ཉི་མའི་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་དུ་རྒྱ་གར་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་དང་ཌ་ལིཏ་དབུ་ཁྲིད་སྐུ་ཞབས་བྷི་ཨར་ཨེམ་བྷེ་དི་ཀར་ Dr.B.R. Ambedkar མཆོག་གི་འཁྲུངས་སྐར་དུས་ཆེན་ཐེངས་ ༡༢༥ འཁོར་བའི་མཛད་སྒོར་དབུ་བཞུགས་མཛད་རྒྱུ་མ་ཟད། སྤྱི་ཚོགས་ཁྲོད་དྲང་བདེན་གྱི་ཁྲིམས་ལུགས་ལག་བསྟར་དགོས་པའི་སྐོར་ Social Justice and Dr.B.R. Ambedkar ལ་ལམ་སྟོན་བཀའ་སློབ་སྩལ་རྒྱུ་ཡིན་འདུག
སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སིདྡྷ་རམྨི་ཡ་ Siddaramaiah མཆོག་དང་རྒྱ་གར་དབུས་གཞུང་གི་མེ་འཁོར་བློན་ཆེན་སྐུ་ཞབས་མ་ལིཀཨརྗུན་ཁར་གྷེ་ Malikarjuna Kharge མཆོག་བཅས་ཕེབས་རྒྱུ་ཡིན་པ་མ་ཟད། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ། བློན་ཆེན་སོགས་ཕེབས་རྒྱུ་ཡིན་འདུག
སྤྱིར་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་དེ་ཕྱི་ཟླ་ ༥ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་དབུ་འཛུགས་ཞུ་རྒྱུ་ཡིན་འདུག གདན་ཞུ་མཁན་གནང་མཁན་མངའ་སྡེའི་སྤྱི་ཚོགས་བདེ་དོན་ཡར་རྒྱས་ཚན་པ་དང་། Social Welfare Department རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སེར་བྱེས་མཁས་སྙན་གྲྭ་ཚང་ Sera Je Monastic University ཐུན་མོང་ནས་ཡིན་འདུག་པ་་བཅས།།