ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༦ ཉིན་གྱི་ཕྱི་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་རྒྱ་གར་གྱི་ཨེན་ཌི་ཊི་ཝི་ NDTV 24×7 ཞེས་པའི་བརྙན་འཕྲིན་གསར་འགྱུར་ཚན་པའི་གསར་འགོད་པས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་སྐྱོང་བཞིན་པའི་༸གོང་ས་མཆོག་གི་མཛད་འཕྲིན་ཐད་རྒྱ་ནག་གཞུང་ནས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐོག་གནོད་གཞི་ཡོད་ལུགས་སོགས་ཀྱི་སྐྱོན་བརྗོད་བྱེད་བཞིན་པ་དེའི་སྐོར་ཐད་གཏོང་བཅར་འདྲི་ཞུ་སྐབས། སྲིད་སྐྱོང་མཆོག་གིས་གསུང་དོན། ཉེ་ལམ་རྒྱ་གར་གྱི་སྲིད་འཛིན་ Pranab Mukherjee མཆོག་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྲིད་འཛིན་ཕོ་བྲང་དུ་གདན་ཞུ་གནང་བ་དང་། དེ་བཞིན་རྒྱ་གར་རིག་གཞུང་བློན་ཆེན་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་སུ་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་བ་སོགས་ནས་རྒྱ་གར་གཞུང་གིས་༸གོང་ས་མཆོག་དང་འབྲེལ་ལམ་གནང་ཕྱོགས་དེ་ད་ལན་ཡོངས་གྲགས་བཟོས་པ་གསལ་པོ་ཆགས་ཡོད། ཅེས་དང་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཡང་ཨ་རུ་ནཱ་ཅལ་དང་རྟ་དབང་ཁུལ་དུ་ཆིབས་སྒྱུར་བསྐྱངས་མྱོང་ཡོད་པ་དང་། ཁུལ་དེར་༸གོང་ས་མཆོག་ལ་དད་གུས་ཞུ་མཁན་གྲངས་ལས་འདས་པ་ཡོད་པ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁོ་ནའི་ཆེད་ཆིབས་སྒྱུར་བསྐྱངས་པ་ཞིག་ཆགས་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེར་སྐྱོན་བརྗོད་བྱེད་བཞིན་པ་ནི་དུས་རྒྱུན་གྱི་གཡོ་འཁྲབ་ཞིག་རེད། ཅེས་གསུངས།
དེ་བཞིན་ཉེ་ཆར་༸གོང་ས་མཆོག་གིས་གསར་འགོད་པའི་བཅར་འདྲིར་དང་ལེན་མཛད་སྐབས་རྒྱ་ནག་གཞུང་གི་གཅིག་སྡུད་དབང་འཛིན་རིང་ལུགས་འོག་བོད་མིའི་གནས་སྟངས་སྐོར་བཀའ་སྩལ་བ་དེ་སྲིད་སྐྱོང་མཆོག་གིས་དངོས་འབྲེལ་ཡིན་པ་དང་། རྒྱ་ནག་གཞུང་ནས་བོད་ནང་གི་དངོས་ཡོད་གནས་སྟངས་རྟོགས་ཞིབ་སླད་རྒྱལ་སྤྱིའི་རྟོགས་ཞིབ་མི་སྣ་བསྐྱོད་མ་བཅུག་པ་དེས་བོད་ནང་མང་གཙོ་དང་སྨྲ་བརྗོད་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་མེད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མི་ཚོའི་སྟེང་དྲག་གནོན་བྱས་དང་བྱེད་མུས་ཡིན་པ་གསལ་པོ་ཡིན་སྐོར་གསུངས་ཡོད།།