༢༠༡༧ ཟླ་ ༤ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༦ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་མོན་གྷོ་འབྲས་སྤུངས་བློ་གསལ་གླིང་གི་ཆོས་རྭར་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༸སྐྱབས་རྗེ་དགའ་ལྡན་ཁྲི་ཐོག་ ༡༠༣ རྗེ་བཙུན་བློ་བཟང་བསྟན་འཛིན་དམ་པ་མཆོག་གི་སྐུ་གདུང་ཞུགས་འབུལ་དུ་ངོ་བཅར་ཞུས་ཡོད།
དེ་ཡང་མཛད་རིམ་ལྟར་སྔ་དྲོ་ཆུ་ཚོད་ ༦ ཐོག་སྐུ་གདུང་རིན་པོ་ཆེ་དགའ་ལྡན་ཁྲི་ཐོག་ཁང་ནས་སྐུ་གདུང་ཞུགས་འབུལ་གྱི་གནས་སུ་གདན་ཞུ་གནང་བ་དང་། དེ་རྗེས་སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་དབུས་ཆོས་རིག་བཀའ་བློན་མཆོག་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ། གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་དང་མཁན་ཟུར་རྣམ་པ། གཞན་ཡང་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་ཚབ་རྣམ་པ་བཅས་ནས་སྐུ་གདུང་རིན་པོ་ཆེར་ཐུགས་སྨོན་གྱི་མཇལ་དར་སྒྲོན་འབུལ་ཞུས།
དེ་རྗེས་ཚུ་ཚོད་ ༧ ཙམ་ལ་སྐུ་གདུང་རིན་པོ་ཆེ་བཞུགས་སུ་གསོལ་རྗེས་འདུས་མང་རྣམས་ནས་བླ་མ་མཆོད་པ་གསུངས་པ་དང་སྦྲགས། དགོངས་རྗོགས་མཆོད་འབུལ་ལེགས་གྲུབ་བྱུང་།
དཔལ་ལྡན་བཀའ་བློན་མཆོག་ཕྱི་ཚེས་ ༢༧ ནས་ཚེས་ ༢༨ བར་རྒྱལ་ས་ལྡི་ལིར་དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་གོ་སྒྲིག་ཞུས་པའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ ༼ Meeting on Secular Ethics༽ ཞེས་པའི་བགྲོ་གླེང་ཚོགས་འདུར་ལྷན་ཞུགས་གནང་རྒྱུ་ཡིན་པ་བཅས། །