ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༡ ཉིན་རྒྱ་གར་བྱང་ཕྱོགས་པན་ཇབ་མངའ་སྡེའི་ལུ་དྷི་ཡ་ན་གྲོང་ཁྱེར་དུ་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག འཆར་འགོད་འགན་འཛིན་དཀོན་མཆོག་བརྩོན་འགྲུས་ལགས། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས། བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོས་གཙོས་པའི་ཚོགས་མི་རྣམ་པ། Lala Tibetan Hosiery Association ཞེས་པའི་ཚོགས་པའི་ཚོགས་གཙོ། ས་གནས་ཁག་ ༡༦༥ ཙམ་ནས་སུད་ཚོང་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་སོགས་ཁྱོན་མི་གྲངས་ ༥༠༠ བརྒལ་བ་ལྷན་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དང་བོད་བསྟན་སྲིད་མི་རིགས་སླད་རང་ལུས་མེར་སྲེག་གནང་མཁན་རྒྱས་གཅེས་པ་རྣམས་ལ་གུས་བརྩི་དང་གདུང་སེམས་མཉམ་སྐྱེ་དང་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས།
དེ་ནས་བཙན་བྱོལ་བོད་མི་ཚོང་པ་ཚོགས་པས་སྐུ་མགྲོན་རྣམས་ལ་དྲན་རྟེན་ཕྱག་རྟགས་ཕུལ་གྲུབ་མཚམས་བཙན་བྱོལ་བོད་མི་ཚོང་པ་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་འབྲེལ་སུད་ཚོང་བའི་གནས་སྟངས་སོགས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་དང་། དྲུང་ཆེ་དཀོན་མཆོག་ཚེ་རིང་ལགས་ཀྱིས་ལས་བསྡོམས་སྙིང་བསྡུས་དང་རྩིས་པ་ཆོས་རྒྱལ་མཚན་ལགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ ༨ ནས་ཕྱི་ལོ་ ༢༠༡༧ ཟླ་ ༣ བར་གྱི་རྩིས་ཁྲ་སྒྲོགས་སྦྱང་ཞུས་གྲུབ་མཚམས། དཔལ་འབྱོར་བཀའ་བློན་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། སྤྱིར་ངས་ཕྲིབ་ཕྲ་ཞུ་མི་དགོས་པར་རྣམ་པ་ཚོ་ཚང་མས་མཁྱེན་གསལ་རེད། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། དེ་བཞིན་བཙན་བྱོལ་བོད་མི་རྣམས་ནས་ལོ་མང་རིང་སྐུ་ལས་བསྐྱོན་པ། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་སྐུ་ལས་བསྐྱོན་པ་བཅས་ལ་བརྟེན་ནས་ང་ཚོའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་འདྲ་འདྲའི་ནང་ནས་མི་འདྲ་བ་ཆགས་ཏེ་རྒྱ་གར་ནང་སྐྱབས་བཅོལ་གྱི་གནས་འབབ་ཡིན་ཡང་རྒྱ་གར་གྱི་མི་མང་ལས་ང་ཚོའི་གནས་སྟངས་ག་ཚོད་སྡུག་སྐད་བརྒྱབ་པ་ཡིན་ནའང་ལེགས་པ་ཡོད་པ་ང་ཚོ་ཚང་མས་ཤེས་ཀྱི་ཡོད་རེད་དྲན་གྱི་འདུག དེར་བརྟེན་དགའ་བ་སྒོམ་དགོས་རྒྱུ་གཙོ་བོ་༧རྒྱལ་བ་རིན་པོ་ཆེ་མཆོག་དང་། བོད་ནང་གི་བོད་མི་ཚོ། དེ་བཞིན་མི་ཐོག་རྒན་པ་ཚོ་བཅས་ཀྱིས་སྐུ་ལས་བསྐྱོན་པ་འདི་ཐུད་འཚོ་བོ་མར་གྱི་བཀའ་དྲིན་ཡིན་པ་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འདི་ཤེས་པའི་ཐོག་ནས་ཡར་རྒྱས་ལ་མཐའ་མེད་དུས་ང་ཚོར་དེ་སྔ་ཡོད་པ་ལས་ལྷག་ཡར་རྒྱས་གང་འདྲ་གཏང་དགོས་འདུག་དེའི་ཐོག་དགོངས་པ་བཞེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་དྲན་གྱི་འདུག
རྒྱུ་མཚན་དེ་དག་ལ་བརྟེན་ནས་བཀའ་ཤག་གི་ངོས་ནས་ཕྱི་ལོ་ ༢༠༠༥ ལོར་བོད་མིའི་ཚོང་པའི་ལྷན་ཚོགས་ཤིག་འཛུགས་དགོས་ཀྱི་འདུག་ཅེས་དགོངས་པ་བཞེས་པ་བཞིན་སྐྱིད་སྡུག་འཛུགས་རྒྱུའི་ལམ་ཆགས་ནས་སྐྱིད་སྡུག་བཙུགས་པ་རེད། ད་ལྟ་ཕྱི་ལོ་ ༢༠༡༧ ལོའི་བར་ཚོགས་པ་བཙུགས་ནས་ལོ་བཅུ་གཉིས་ལྷག་ཙམ་འགྲོ་བཞིན་ཡོད་ནའང་ཐོག་མར་བཀའ་ཤག་གི་དགོངས་པར་ཡོད་པ་ནང་བཞིན་ཚོང་པའི་སྐྱིད་སྡུག་གི་གནས་འབབ་འདི་རྩ་བའི་ཚགས་ཚུད་པོ་ཡོད་ནའང་ད་དུང་ཡིན་ནའང་ལོ་བཅུ་གཉིས་ལ་དཔག་པའི་ཚགས་ཚུད་པོ་ཆགས་འདུག་གམ་ཟེར་ན། འདི་ཧ་ཅང་གིས་དྲི་བ་ཆེན་པོ་ཞིག་རེད། ཚགས་ཚུད་པོ་ཆགས་པར་སྐྱིད་སྡུག་ནང་ཡོད་པའི་ཚོགས་གཙོས་གཙོས་པའི་རྒྱུན་ལས་མི་བཅུ་བཅོ་ལྔ་གཅིག་པུས་ཡོང་གི་རེད་དམ་ཟེར་ན། ཡོང་གི་མ་རེད། འདི་ལ་ས་གནས་སྐྱིད་སྡུག་ཡོད་མཁན་ཚང་མས་གང་ཐུབ་མཉམ་ཞུགས་བྱེད་པ་ཡིན་ན་ཡག་པོ་ཆགས་ཀྱི་རེད། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་གནས་འབབ་ཡག་པོ་ཡོང་བར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་འཁྲིད་པའི་བཀའ་ཤག་གིས་སྐུ་ལས་བསྐྱོན་གི་རེད། འོན་ཀྱང་མི་མང་ཚང་མས་སྒྲིག་འཛུགས་ལ་མཐུན་འགྱུར་སྦྱར་བ་ཡིན་ན་ཡག་པོ་ཆགས་ཀྱི་རེད།
དེར་བརྟེན་ཚོང་པའི་སྐྱིད་སྡུག་འདི་ཡག་པོ་ཆགས་པར་འདིར་ཡོད་པའི་ཚོགས་མི་ཚང་མས་སྐུ་ལས་བསྐྱོན་ནས་མཉམ་རུབ་མ་གནང་ན་ཡག་པོ་རྩ་བ་ཉིད་ནས་ཡོང་རྒྱུ་མེད གང་ལྟར་ཁ་གཏོང་ས་ཡིན་ནའང་སྤྱི་པའི་སྒྲིག་འཛུགས་ཤིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེང་སྐབས་རྒྱ་གར་ནང་སྔོན་མ་དང་མི་འདྲ་བ་འགྱུར་བ་མང་པོ་འགྲོ་བཞིན་ཡོད། ས་གནས་ཀྱི་སྐྱིད་སྡུག་ཚགས་ཚུད་པོ་དགོས་པ་ནང་བཞིན་དབུས་ཀྱི་སྐྱིད་སྡུག་དེ་ཡང་ཚགས་ཚུད་པོ་དགོས་རྒྱུ་ཨང་དང་པོ་རེད་དྲན་གྱི་འདུག དེར་བརྟེན་བཀའ་ཤག་གི་དགོངས་པ་ནང་བཞིན་སྐྱིད་སྡུག་ཚགས་ཚུད་པོ་ཆགས་རྒྱུར་ཚང་མས་དགོངས་པ་བཞེས་ནས་མཉམ་ཞུགས་དང་མཐུན་འགྱུར་མ་སྦྱར་བ་ཡིན་ན་མི་བཅོ་ལྔ་གཅིག་པོས་ཡོང་གི་རེད་དམ་ཟེར་ན། འདི་ཡོང་རྒྱུ་མེད་པ་ཚང་མས་དགོངས་པ་བཞེས་རོགས་གནང་། སྤྱི་པ་ཡག་པོ་ཡོད་ན་སྒེར་ཡག་པོ་ཡོང་རྒྱུ་རེད། གཅིག་ཡག་པོ་ཆགས་པ་བྱེད་པར་ཚང་མས་ཧུར་བརྩོན་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་དྲན་གྱི་འདུག
ང་སྔོན་མ་ཅན་རྡི་སྒར་མཐོ་སློབ་སྐྱོད་སྐབས་པཱ་ལགས་དམ་པ་དང་མཉམ་དུ་ལུ་དྷི་ཡ་ནར་ཅ་ལག་ཉོ་རུ་མང་པོ་འགྲོ་མྱོང་། སྐབས་དེའི་གནས་སྟངས་དང་ད་ལྟའི་གནས་སྟངས། སྐབས་དེའི་མིའི་གནས་འབབ་དང་ད་ལྟའི་གནས་འབབ་དབར་འགྱུར་བ་ཆེན་པོ་ཕྱིན་ཡོད། སྐྱིད་སྡུག་ཚགས་ཚུད་པོ་མ་བྱུང་ན་ནམ་ཞིག་ང་ཚོའི་ལོ་ལྔ་བཅུ་ལྷག་གི་འཚོ་བ་སྐྱེལ་སའི་སྒྲིག་འཛུགས་འདི་ཉིན་གཅིགསྦོ་ལུག་པ་ཡིན་ན། གང་འདྲ་ཆགས་ཀྱི་རེད་འདི་ངེས་པར་དུ་དགོངས་པ་བཞེས་དགོས། ང་སྤྱི་འཐུས་ཡིན་པའི་སྐབས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་འབྲེལ་ས་གནས་འགའ་ཤས་ལ་སླེབས་པ་རེད། དེའི་རྗེས་སུའང་ས་གནས་འགའ་ཤས་ལ་སླེབས་མྱོང་། སྐྱིད་སྡུག་ནང་ང་ཚོའི་མི་ཁ་ཤས་ཤིག་གིས་བྱེད་སྟངས་མ་ཤེས་པ་ལ་བརྟེན་ནས་ཁྲོམ་ས་ཁག་གཅིག་ལ་དཀའ་ངལ་མང་པོ་ཡོང་བཞིན་ཡོད་པ་དེ་དང་པོ་སུས་བཟོས་པ་ངས་བཤད་མི་དགོས་པར་རྣམ་པ་ཚོ་ཚང་མས་མཁྱེན་གྱི་རེད། མ་འོངས་པར་དེ་དག་མི་གཞན་ལ་འཛུབ་མོ་མ་བཙུགས་སྔོན་ལ་རྒྱ་གར་ལུང་པར་རྒྱ་གར་ཡུལ་མི་ལ་ཚོང་མ་བརྒྱག་བརྗོད་རྒྱུ་ཧ་ཅང་ཁག་པོ་ཡོད་རེད། སོ་སོས་ཡག་པོ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འདི་ངེས་པར་དུ་བསམ་བློ་གཏང་ན་མ་གཏོགས་ནམ་ཞིག་ང་ཚོ་སྦོ་ལུག་ན་ཡར་ནང་སྲིད་ལས་ཁུངས་དང་དཔལ་ལྡན་སྲིད་སྐྱོང་མཆོག དེ་བཞིན་དཔལ་འབྱོར་ལས་ཁུངས་ལ་ཞུས་ན་ཞེ་དྲགས་བྱེད་རྒྱུ་གང་ཡང་མི་འདུག དེར་བརྟེན་ཁྲིམས་རང་སྲུང་དང་སྡོམ་པ་རང་སྲུང་ཟེར་བ་ནང་བཞིན་སོ་སོའི་ཁྲིམས་འདི་སོ་སོས་སྲུང་། སོ་སོའི་སྡོམ་པ་སོ་སོས་སྲུང་ནས་ཡག་པོ་བྱེད་པ་ཡིན་ན་ཏན་ཏན་ང་ཚོའི་སྤྱི་ཚོགས་འདི་ཡག་པོ་ཆགས་ཀྱི་རེད་དྲན་གྱི་འདུག
ངེས་པར་དུ་ཚང་མས་གང་ཐུབ་རྡོག་རྩ་གཅིག་སྒྲིལ་བྱས་ནས་དབུས་ཀྱི་སྒྲིག་འཛུགས་དང་། ས་གནས་ཀྱི་སྒྲིག་འཛུགས། བྱ་སྤུ་གནོན་བཞིན་ཡར་དབུས་ལ་འབྲེལ་བ་བྱེད་རྒྱུ་ཡག་པོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་མིའི་སྒྲིག་འཛུགས་བཀའ་ཤག་འདིའི་ངོས་ནས་ལྔ་དང་ལྔ་བཅུའི་སྲིད་བྱུས་འདི་ལ་ང་ཚོ་གཞུང་ངོས་ནས་ཚོང་རྒྱག་གི་མེད་ནའང་། བོད་པའི་བཙན་བྱོལ་གནས་འབབ་ཡག་པོ་ཆགས་དགོས་ཀྱི་འདུག དེ་ལྟར་ཡོང་བར་བོད་མི་ཚང་མའི་དཔལ་འབྱོར་གནས་འབབ་ཡག་པོ་ཆགས་པ་ཡིན་ན་རང་བཞིན་གྱིས་བཀའ་ཤག་ལ་འགན་ཉུང་བ་ཆགས་རྒྱུ་དང་། སུད་ཚོང་སྐྱིད་སྡུག་འདི་ང་ཚོའི་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་འབྲེལ་བ་ཆེན་པོ་ཡོད་སྟབས་འདི་ཚགས་ཚུད་པོ་དང་ཁྲིམས་དང་མཐུན་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་རིང་ཁ་སང་སྔོན་མ་དང་མི་འདྲ་བར་རྒྱ་གར་གྱི་དངུལ་གྱི་འགྲོ་སྟངས་ཚང་མ་དྲ་རྒྱའི་བརྒྱུད་ནས་ཕྱིན་ཟིན་པ་རེད། ཁྲིམས་ཚང་མ་དམ་པོ་ཆགས་ཟིན་སྟབས་ང་ཚོ་ཁྲིམས་ཀྱི་འགན་འཁྱེར་དགོས་རྒྱུ་དང་། དྲ་རྒྱའི་ཐོག་ནས་ལས་ཀ་བྱེད་དུས་གང་ཐུབ་ཡག་པོ་དང་སྤུས་དག་པོ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
སྤྱིར་རྣམ་པ་ཚོའི་སྐྱིད་སྡུག་བཙུགས་ནས་ལོ་ངོ་དེ་ཙམ་ཕྱིན་པ་ཡོད་ནའང་བཀའ་ཤག་གོང་མའི་སྐབས་སུ་རྣམ་པ་ཚོའི་ལས་ཁུངས་གསར་འཛུགས་སླད་ཧིན་སྒོར་འབུམ་བཞི་ཕུལ་བ་རེད། དུས་རྟག་ཏུ་བོད་མིའི་སྒྲིག་འཛུགས་ནས་ཕུལ་ཐུབ་ཐབས་མེད། བོད་མིའི་སྒྲི་འཛུགས་ནས་བལྟ་དགོས་ས་ཚོང་པའི་སྐྱིད་སྡུག་གཅིག་པོ་མ་རེད། རྣམ་པ་ཚོར་འབུམ་ལྔ་འབུལ་རྒྱུའི་སྐོར་ཉེ་ཆར་གྲོས་ཚོགས་ནང་བཀའ་བསྡུར་བྱུང་བའི་སྐབས་སུ་སྐད་ཆ་མང་པོ་ལངས་ཡོད། བོད་མིའི་སྒྲིག་འཛུགས་ངོས་ནས་ཚང་མར་གཟིགས་དགོས་རེད་མ་གཏོགས་གཅིག་རང་ལ་གཟིགས་རྒྱུ་གང་ཡང་མ་རེད། དེར་བརྟེན་རྣམ་པ་ཚོ་ངོས་ནས་དེའི་ཐོག་ངེས་པར་དུ་དགོངས་པ་བཞེས་དགོས་རྒྱུ་གལ་ཆེན་པོ་རེད་བསམས་ཀྱི་འདུག དེ་སྔོན་ལས་ཁུངས་འཛུགས་རྒྱུའི་ཆེད་དུ་འབུམ་བཞི་ཕུལ་བ་རེད། དེ་རིང་ཚོགས་ཆེན་ཆེད་དུ་འབུམ་ལྔ་ཕུལ་བ་རེད། འདི་གཞུང་ལ་དངུལ་མང་དྲགས་ནས་ཕུལ་བ་དེ་འདྲ་མ་རེད། རྣམ་པ་ཚོའི་ཚོགས་ཆེན་གལ་ཆེན་པོ་ཡིན་པ་དང་སྒྲིག་འཛུགས་འདི་ཚགས་ཚུད་པོ་དང་ཡག་པོ་ཆགས་ན་བསམས་པའི་བསམ་བློ་མང་པོ་བཏང་ནས་བཀའ་ཤག་ནང་ལ་གོ་བསྡུར་དང་ཡར་འཆར་གཞི་སྙན་གསེང་ཞུས་ནས་རྣམ་པ་ཚོའི་འདུན་པ་ནང་བཞིན་བྱུང་མེད་ནའང་གང་ལྟར་ང་ཚོས་འབུམ་བཞི་དང་ལྔ་ཕུལ་རྒྱུའི་ལམ་ཞིག་ཆགས་པ་རེད། བཀའ་ཤག་གི་དགོངས་པར་སྐྱིད་སྡུག་འདི་ཉིད་ཡག་པོ་ཆགས་རྒྱུའི་ཆེད་རེད། དེར་བརྟེན་ཚང་མས་ཧུར་ཐག་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། དེ་བཞིན་ཚོང་པའི་སྐྱིད་སྡུག་གིས་ཁ་སང་སྙན་གསེང་ཞུས་པ་ནང་བཞིན་ཕྱི་ཚེས་ ༡༤ ཉིན་རྒྱ་གར་ཆེས་མཐོའི་རྩིས་ཞིབ་མཁས་ལས་པ་གཅིག་གདན་འདྲེན་ཞུས་ཏེ་ཉིན་གྲངས་གཅིག་རིང་ཟབ་སྦྱོང་ཕུལ་གྱི་རེད། དཀའ་ངལ་གང་ཡོད་པ་ཡིན་ནའང་ཁོང་གིས་ལན་སྐྱོན་གྱི་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།།