ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༦ རེས་གཟའ་ཕུར་བུ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་བཅས་དབུ་བཞུགས་ཐོག བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས། འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས། ཕྱི་ནང་གི་གསར་འགོད་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་ལས་རིམ་ངོ་སྤྲོད་གནང་བསྟུན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མི་ཚུད་ཚོང་བ་རྣམས་ལ་བུན་གཡར་ལས་གཞི་དང་འབྲེལ་བའི་སྐོར་གསུང་དོན། ཉེ་འཆར་གྲོས་ཚོགས་ནས་སྔོན་རྩིས་བཀའ་འཁྲོལ་ཐོབ་པའི་ཁོངས་ནས་ལས་འཆར་གལ་ཆེ་བ་གཅིག་བོད་མི་སུད་ཚོང་བའི་ཆེད་དུ་བུན་གཡར་གྱི་ལས་གཞི་སྤེལ་རྒྱུ་དེ་རེད། ང་ཚོ་བཙན་བྱོལ་སྤྱི་ཚོགས་སྤྱི་དང་། ལྷག་པར་རྒྱ་གར་ནང་ཡོད་པའི་བོད་མི་བརྒྱ་ཆ་ ༥༠ ཙམ་གྱི་སུད་ཚོང་ལ་འཚོ་བ་རྟེན་བཞིན་ཡོད།
འདི་ལ་ཕན་པའི་ལས་འཆར་སྤེལ་ཆེད་ད་ལན་སྔོན་རྩིས་ནས་བཀའ་འཁྲོལ་ཐོན་པ་ལྟར་ཨ་རིའི་རོགས་ཚོགས་ USAID ནས་ཧིན་སྒོར་འབུམ་ ༨༠༠ དང་། དཔལ་འབྱོར་ལས་ཁུངས་ནས་ཐབས་ཤེས་གནང་བ་འབུམ་ ༢༠༠ བཅས་ཁྱོན་བསྡོམས་འབུམ་ཆིག་སྟོང་བུན་གཡར་གཏང་རྒྱུའི་ལས་གཞི་ཞིག་སྤེལ་རྒྱུ་རེད། ད་ལྟའི་ཆར་ཚོང་པ་ ༡༠༠༠ ཙམ་ལ་འབུམ་རེ་རེ་བུན་གཡར་གནང་རྒྱུ་རེད། བོད་མི་སུད་ཚོང་བ་རྣམས་ཀྱིས་ལུ་དི་ཨ་ན་Ludhiana རྒྱ་གར་གྱི་ཚོང་པ་དང་། ས་གནས་དངུལ་ཁང་། མཉམ་འབྲེལ་སོགས་ནས་བུ་ལོན་ལེན་བཞིན་ཡོད་འདུག འོན་ཀྱང་སྐྱེད་ཀ་ཉུང་མཐར་བརྒྱ་ཆ་ ༨ ནས་ ༡༤ དང་། ཁག་གཅིག་བརྒྱ་ཆ ༡༨ དེ་འདྲ་ཡིན་ས་རེད། དེར་བརྟེན་སྐྱེད་ཀ་དེའང་ཆེན་པོ་དང་། རིན་གོང་ཆུང་བའི་སུད་ཌ་དོ་པོ་གཅིག་ཉོས་པར་འབུམ་གཉིས་ནས་གསུམ་བར་འགྲོ་གྲོན་འགྲོ་གི་ཡོད་པ་དང་། དེ་ལས་གོང་ཚད་ཕྲན་བུ་ཆེ་བར་འབུམ་གསུམ་ནས་བཞི། སྤུས་དག་དེ་འདྲ་ཉོ་བ་ཡིན་ན་གོང་ཚད་ཆེ་བ་ཡོད།
སུད་ཚོང་བ་མང་ཆེ་བས་དོ་པོ་གཅིག་ནས་བཞི་བར་བཏོན་གྱི་ཡོད་སྟབས། ཚོང་པ་རེ་ལ་འབུམ་གཅིག་བུ་ལོན་གཡར་བས་ཕན་ཐོགས་གང་ཡོད་ཅེ་ན། དངུལ་ཁང་དང་ཆོང་པ་སོགས་ལས་སྐྱེད་ཀ་ཉུང་བ་སྤྲོད་རྒྱུའི་ཕན་ཐོགས་ཡོད། བོད་མིའི་སྒྲིག་འཛུགས་ནས་ཧིན་སྒོར་འབུམ་གཅིག་ལ་སྐྱེད་ཀ་བརྒྱ་ཆ་གསུམ་དང་དུས་ཡུན་ཟླ་བ་དྲུག་རིང་བུན་གཡར་གཏང་རྒྱུ་ཡིན། འོན་ཀྱང་ཟླ་བ་དྲུག་ནང་བུ་ལོན་ཕྱིར་སློག་དགོས་ཀྱི་ཡོད། གལ་སྲིད་སྐྱེད་ཀ་ཆུང་ཆུང་རེད་འདུག་ཅེས་མ་སློག་ན་ཟླ་བ་བདུན་པ་ནས་སྐྱེད་ཀ་ཆེན་པོ་བརྒྱབ་ཀྱི་རེད།
དུས་ཡུན་ཟླ་བ་དྲུག་ནང་སུད་ཚོང་བརྒྱབ་ཚར་ཀྱི་ཡོད། བུ་ལོན་ཕྱིར་སློག་བྱས་པ་དེ་དག་ལས་གཞི་གཞན་ཁག་ལ་བེད་སྤྱོད་གཏང་རྒྱུ་རེད། བུན་གཡར་གྱི་སྐྱེད་ཀ་བརྒྱ་ཆ་གསུམ་ཡིན་པར་བརྟེན། བུ་ལོན་གཡར་མཁན་གཞན་རྣམས་ཀྱིས་རང་བཞིན་གྱིས་སྐྱེད་ཀའི་བརྒྱ་ཆ་ཉུང་དུ་གཏང་ངེས་རེད། ང་ཚོ་ཚང་མས་མཁྱེན་གསལ་རེད། དངུལ་འབོར་འབུམ་གཅིག་སྤྲོད་རྒྱུ་ཡོད་ན་སུད་ཌ་ཉོ་རྒྱུར་ཕན་ཐོགས་ཧ་ཅང་ཡོད་པར་བརྟེན་ད་ལམ་བཀའ་ཤག་ནས་འབུམ་བརྒྱ་བུན་གཡར་གཏང་རྒྱུ་དང་། འབུམ་རེར་སྐྱེད་ཀ་བརྒྱ་ཆ་གསུམ་དང་དུས་ཡུན་ཟླ་བ་དྲུག་རིང་གཡར་རྒྱུ་རེད། ལོ་རྗེས་མར་དབྱར་ཚོང་རྒྱག་མཁན་དང་། ས་ཞིང་འདེབ་མཁན། དེ་བཞིན་ཚོང་ལས་འདྲ་མིན་གཉེར་མཁན་བཅས་ལའང་ལས་གཞི་སྤེལ་འཆར་ཡོད། འབྱུང་འགྱུར་དངུལ་འབོར་ག་ཚོད་ཡོང་མིན་ཕལ་ཆེར་ཟླ་བ་བཅུ་གཉིས་རྗེས་ལ་གསལ་པོ་ཆགས་ཀྱི་རེད།
ད་ལན་ཚུད་ཚོང་བ་ཁོ་ནའི་ཆེད་ཡིན་ཟེར་དུས་རང་བཞིན་གྱི་སུད་ཚོང་ལས་གཞན་ལ་ཡོད་མེད་དྲི་བ་ཞིག་སླེབས་ཀྱི་རེད། ཐེངས་འདིར་དངུལ་ཡོད་པ་དེ་སུད་ཚོང་བའི་ཆེད་དུ་རེད། ང་ཚོར་རོགས་དངུལ་ཐོབ་ས་ཕྱི་ནས་ཡིན་སྟབས། ང་ཚོས་བུ་ལོན་གང་གཡར་བ་དེ་ལུ་དི་ཨ་ནའི་རྒྱ་གར་ཚོང་པ་ཚོར་དུས་ཐོག་བུ་ལོན་ཕྱིར་སློག་བྱས་པ་ལྟར་ང་ཚོར་ཡང་ཕྱིར་སློག་བྱེད་ཀྱི་རེད་ཅེས་ཁས་ལེན་ཞུས་ཡོད། དེར་བརྟེན་དངུལ་གཡར་བ་དེ་བརྒྱ་ཆ་བརྒྱ་ཕྱིར་སློག་བྱུང་ཚེ། ང་ཚོར་ཡིད་ཆེས་རྙེད་རྒྱུ་མ་ཟད་མ་འོངས་པར་བུན་གཡར་ལས་གཞིའི་དངུལ་འབོར་མང་དུ་འགྲོ་རྒྱུར་ཕན་ཐོགས་ཡོང་གི་རེད།
ཐེངས་འདིར་བུན་གཡར་གྱི་ལས་གཞི་འགོ་འཛུགས་ཀྱི་ཡོད་སྟབས་ང་ཚོས་དངུལ་གཡར་བ་དེ་ཕྱིར་སློག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རིང་མིན་ཕྱི་ཟླ་ ༤ ཚེས་ ༡༡ ལ་ལུ་དི་ཨ་ནར་ཚོང་པ་ཚོ་ཚོགས་འདུ་འཚོག་རྒྱུ་རེད། སྐབས་དེར་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས། དེ་བཞིན་དངུལ་ཁང་དང་བུན་གཡར་ཐོག་རྐང་འགན་ཁུར་གནང་མཁན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་བཅས་ཕེབས་རྒྱུ་རེད།
དེ་བཞིན་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༡༡།༡༢ ལོ་དང་ ༢༠༡༧།༡༨ ལོའི་སྤྱི་ཡོངས་ཀྱི་སྔོན་རྩིས་ཀྱི་དངུལ་འབོར་དབར་བསྡུར་ན་ལྡབ་ཀྱི་འཕར་ཡོད་པ་མ་ཟད། ལྷག་པར་དམིགས་བཀར་གྱི་ཁོངས་ལས་གཞི་མང་དག་གཅིག་འགྲོ་བཞིན་ཡོད་སྟབས་དེའི་དངུལ་འབོར་ཐོག་འཕར་ཆ་ཤུགས་ཆེ་བྱུང་ཡོད། ད་ཐེངས་སུད་ཚོང་བུན་གཡར་གྱི་ལས་གཞི་དེ་ཡང་དམིགས་བཀར་ཁོངས་སུ་ཚུད་ཡོད། ཅེས་གསུངས་རྗེས་གསར་འགོད་པ་རྣམས་ཀྱིས་དྲི་བར་ལན་འདེབས་ཞིབ་ཕྲ་གནང་ཡོད། །