ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༤ ཉིན་རྡ་ས་མེ་གྷན་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པ་དང་ལི་ལྦར་པུལ་ Liverpool རྒྱལ་ཡོངས་འགྲེམས་སྟོན་ཁང་གཉིས་ཀྱི་གོ་སྒྲིག་འོག་བོད་ས་བཟུང་བ་ཞེས་ལྷ་སའི་ནང་དྲག་པོའི་དོན་གཅོད་གཏོང་སྐབས་མི་སེར་སྤེལ་བའི་རིང་ལུགས་དང་པར་ཆས་ཅེས་པའི་པར་རིས་འགྲེམས་སྟོན་དབུ་འབྱེད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་མན་ཅི་སི་ཊར་གཙུག་ལག་སློབ་གཉེར་ཁང་དང་ལི་ལྦར་པུར་རྒྱལ་ཡོངས་འགྲེམས་སྟོན་ཁང་གི་འབུམ་རམས་པ་ལྕམ་ཨི་མ་མར་ཊིན་ Emma Martin མཆོག་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་ཚེ་རིང་དབྱངས་སྐྱིད་ལགས། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་གྱིས་གཙོས་འབྲེལ་ཡོད་ལས་བྱེད་རྣམ་པ། ལོ་རྒྱུས་སྨྲ་བ་བཀྲ་ཤིས་ཚེ་རིང་ལགས། མང་ཚོགས་དོན་གཉེར་བ་ཁག་གཅིག ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་དང་འབྲེལ་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་གྲུབ་མཚམས། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཐེངས་འདིའི་འགྲེམས་སྟོན་གྱི་དམིགས་ཡུལ་ངོ་སྤྲོད་ཞུས་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་འགྲེམས་སྟོན་འདིའི་བརྒྱུད་མི་སེར་སྤེལ་བའི་རིང་ལུགས་སྐབས་བོད་ནང་འཚེ་བའི་ལས་དོན་ཇི་བྱུང་དང་མི་མང་ནས་ངོ་རྒོལ་གྱི་མཚོན་པའི་མི་འདོད་པའི་རྣམ་འགྱུར་བཏོན་པ་སོགས་ལོ་རྒྱུས་ཐོག་གལ་ཆེ་བའི་བརྒྱུད་རིམ་ཁག་པར་རིས་ལམ་ནས་མང་ཚོགས་ཀྱི་ཤེས་རྟོགས་ཆེད་བཟོས་པ་ཞིག་ཡིན་སྐོར་གསུང་བཤད་གནང་།
དེ་ནས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་སྐུ་མགྲོན་རྣམ་པས་གཙོས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུས་དང་སྦྲགས་གསུང་བཤད་གནང་དོན། རྩ་བའི་པར་རིས་འགྲེམས་སྟོན་འདི་ཉིད་ Colonial Young Husbandབོད་ལ་བཙན་འཛུལ་བྱས་པ་གཞིར་བཞག་པའི་པར་རིས་ཆགས་ཡོད། འོན་ཀྱང་དེ་རིང་གི་གོ་སྐབས་འདི་འཛིན་ཏེ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་ད་ལྟའི་བོད་ཀྱི་གནས་སྟངས་གང་ཡིན་པ་དེ་དག་ཚང་མའི་འབྱུང་ཁུངས་མང་པོ་ཞིག་ཨིན་ཇིས་བོད་ཐོག་བཟུང་བའི་སྲིད་བྱུས་ཐོག་ནས་ད་ལྟ་ང་ཚོར་དཀའ་ངལ་འཕྲད་བཞིན་ཡོད་པ་དྲན་གྱི་འདུག དཔེར་ན། དུས་རབས་བཅུ་དགུའི་ནང་ཨིན་ཇིས་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཨ་ཕི་རི་ཀ་དང་ཨེ་ཤི་ཡ། དེ་བཞིན་རྒྱ་གར་གྱིས་གཙོས་ས་ཆ་མང་པོ་ཞིག་དབང་སྒྱུར་བྱེད་རྒྱུའི་སྲིད་བྱུས་བཟུང་། གལ་ཏེ་དབང་སྒྱུར་བྱེད་མ་ཐུབ་ན་ནུས་ཤུགས་ཁྱབ་སྤེལ་བྱེད་རྒྱུའི་སྲིད་བྱུས་བཟུང་བའི་དུས་ཚོད་དེ་འདྲ་ཞིག་གི་སྐབས། བོད་ནི་དབང་ཆ་འཐབ་རྩོད་བྱེད་རྒྱུའི་རྩེད་མོ་རྩེ་སའི་ལག་ཆ་ཆགས་ཡོད། དེར་བརྟེན་ཕྱི་ལོ་ ༡༩༠༤ ལོར་བོད་ནང་བཙན་འཛུལ་བྱེད་རྒྱུ་དེ་དེ་འདྲའི་གནས་ཚུལ་ཞིག་ཆགས་ཡོད། ད་ལྟ་གོང་དུ་ཞུས་པ་བཞིན་དེའི་རྒྱབ་ལྗོངས་གནས་ཚུལ་ཤེས་ཐུབ་པ་ཡིན་ན་ཕན་ཐོགས་ཡོང་གི་རེད།
ཨིན་ཇི་རྒྱ་གར་ནང་བཙན་འཛུལ་བྱས་ནས་སོ་སོའི་ཁྱིམ་མཚེས་རྒྱལ་ཁབ་ཡོངས་ལ་དབང་ཤུགས་ཁྱབ་སྤེལ་བྱེད་རྒྱུའི་དུས་སྐབས་ཤིག་སླེབས་པའི་སྐབས་བོད་ལ་རྒྱ་གར་ནང་ཡོད་པའི་ཨིན་ཇིའི་དབང་ཤུགས་ཁྱབ་སྤེལ་བྱེད་རྒྱུའི་སླད་བོད་གཞུང་ལ་འབྲེལ་བ་མང་པོ་བྱས་ཡོད། འབྲེལ་བ་བྱེད་མ་ཐུབ་པའི་རྒྱུ་མཚན་ལ་བརྟེན་ནས་པཎ་ཆེན་རིན་པོ་ཆེ་མཆོག་ལ་འབྲེལ་བ་ཞུ་རྒྱུ་སོགས་མང་པོ་བྱུང་ཡོད། སྐབས་དེ་དུས་ཀྱི་བོད་གཞུང་གིས་དང་ལེན་མ་གནང་སྟབས། ཨིན་ཇིའི་ཐབས་ལམ་གསར་པ་བཏོན་ནས་རྒྱ་ནག་བརྒྱུད་བོད་ནང་ཡོང་རྒྱུའི་ཐབས་ཤེས་བྱས་ཡོད། དེ་ལའང་གྲུབ་འབྲས་མ་ཐོན་པར་བརྟེན་ཕྱི་ལོ་ ༡༨༧༦ ལོར་ཨིན་ཇིའི་རྒྱ་གར་དང་མན་ཇུ་རྒྱ་ནག་དབར་ཆིངས་ཡིག་བཞག་པའི་ནང་བོད་ནང་དབང་ཤུགས་ཁྱབ་སྤེལ་བྱེད་རྒྱུའི་ཐོབ་ཐང་རྒྱ་ནག་མན་ཇུར་ཡོད། འབར་མར་དབང་ཤུགས་ཐབས་བྱུས་བྱེད་རྒྱུའི་ཐོབ་ཐང་དེ་ཨིན་ཇི་ལ་ཡོད་ཅེས་ཆིངས་ཡིག་བཞག་ནས་ཨིན་ཇི་བོད་ནང་ཡོང་རྒྱུའི་ཐབས་ཤེས་མང་པོ་བྱས་པ་རེད་དེ་བོད་གཞུང་ངོས་ནས་ཕྱི་རྒྱལ་མི་རིགས་བོད་ནང་གཏོང་གི་མེད་སྟབས། རྒྱ་གར་དུ་ཡོད་པའི་ཨིན་ཇིའི་སྤྱི་ཁྱབ་Lord Curzon གྱིས་བོད་དང་ཐད་ཀར་འབྲེལ་བ་བྱས་ནས་བོད་གཞུང་གིས་བཀག་འགོག་བྱས། དེ་བཞིན་མན་ཇུས་རྒྱ་ནག་བརྒྱུད་བོད་ནང་བསྐྱར་དུ་འཛུལ་རྒྱུའི་ཐབས་ཤེས་བྱས་པ་དེར་བཀའ་འགོག་བྱས་པར་བརྟེན་བོད་ལ་དམག་དྲང་རྒྱུའི་བསམ་བློ་བཏང་བ་རེད། དམག་གཏང་བར་ཁག་དཀྲི་ས་ཞིག་དགོས་པར་བརྟེན་ཨུ་རུ་སུ་ཤར་ཨེ་ཤི་ཡཱི་ནང་ཁྱབ་སྤེལ་ཧ་ཅང་འགྲོ་བཞིན་འདུག བོད་ལ་དབང་ཤུགས་སླེབ་རྒྱུའི་ཉེན་ཁ་ཡོད་ས་རེད། ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་དང་མཚན་ཞབས་རྡོ་རྗེ་མཉམ་དུ་འབྲེལ་བ་བྱེད་ཀྱི་འདུག ཨུ་རུ་སུའི་ནུས་ཤུགས་བོད་ནང་སླེབ་རྒྱུའི་ཉེན་ཁ་འདུག ཅེས་བཤད་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཨིན་ཇིས་བོད་ནང་ཐད་ཀར་དབང་ཤུགས་སྤེལ་བར་དཀའ་ངལ་འཕྲད་སྟབས་བོད་དང་འབྲས་ལྗོངས་དབར་གྱི་ས་མཚམས་ཀྱི་རྙོག་གྲ་མིང་འཁྱེར་ནས་ཕྱི་ལོ་ ༡༩༠༤ ལོར་རྒྱ་གར་དུ་ཡོད་པའི་ཨིན་ཇིའི་སྤྱི་ཁྱབ་Lord Curzon གྱིས་ཨིན་ཇིའི་དམག་དཔོན་Young Husband བོད་ནང་བཙན་འཛུལ་བཏང་བ་ལྟར་ལྷ་ས་བར་སླེབས་པ་རེད། སྐབས་དེར་བོད་དེ་ཕྱིའི་རྒྱལ་ཁབ་གཞན་དང་འབྲེལ་བ་མ་བྱེད་པར་ཁེར་རྐྱང་སྡོད་རྒྱུའི་སྲིད་བྱུས་ཤིག་བཟུང་ནས་བསྡད་ཡོད། སྐབས་དེར་བོད་ལ་དམག་མི་ཉུང་ཉུང་ཞིག་ཡོད་ཀྱང་དེང་དུས་ཀྱི་ལག་རྩལ་དང་ལག་ཆ་མེད།
བོད་པས་དམག་རྒྱག་སྐབས་མདུང་དང་གྲི འུར་རྡོ། བོད་མདའ་འཁྱེར་ནས་དམག་རྒྱག་གི་ཡོད། ཨིན་ཇིས་བོད་ལ་བཙན་འཛུལ་བྱེད་སྐབས་བོད་པའི་དམག་མི་ཚོར་སྦྱོང་བརྡར་དང་ལག་ཆ་མེད་ཀྱང་འཐབ་འཛིང་བྱས་པ་རེད། ཨིན་ཇིའི་ང་ཚོར་མགོ་སྐོར་བཏང་བ་མང་པོ་ཡོད། དཔེར་ན། ཨིན་ཇིས་རྒྱང་རྩེ་རྫོང་གཏོར་བཤིག་བཏང་བ་དང་བོད་པའི་དམག་མི་མང་པོ་ཞིག་བསད་རྨས་བཏང་བ་རེད། ཨིན་ཇིའི་དམག་ལྷ་སར་འབྱོར་ཡོད་པ་དང་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་མཆོག་སོག་ཡུལ་དང་རྒྱ་ནག་ཏུ་བཙན་བྱོལ་ལ་ཕེབས་རེད། ཨིན་ཇི་ལྷ་སར་འབྱོར་རྗེས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་སྐུ་ཚབ་ཏུ་བསྐོ་གཞག་གནང་ཡོད། སྐབས་དེར་ཨིན་ཇི་དང་མཉམ་ཆིངས་ཡིག་ཅིག་བཞག་ཡོད། དེང་སང་མང་པོ་ཞིག་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཟེར་རྒྱུ་དེ། དེ་སྔ་ཨིན་ཇིས་སྲིད་བྱུས་གང་འཛིན་པ་རེད་ཅེ་ན། ཨིན་ཇིས་བོད་དང་རྒྱ་ནག་དབར་ཆོས་ཡོན་གྱི་འབྲེལ་བར་ཨིན་ཇིའི་ཚིག་མེད་པའི་ཆ་ནས་ཚིག་གསར་པ་ Suzerain ཞེས་པ་ཞིག་བེད་སྤྱོད་བཏང་སྟེ། རྒྱ་ནག་གི་བོད་ཐོག་མིང་ཙམ་གྱི་བདག་དབང་ཞེས་ཆོས་ཡོན་གྱི་འབྲེལ་བར་ཆབ་སྲིད་ཀྱི་ཚིག་བེད་སྤྱོད་བཏང་བར་བརྟེན་ད་ལྟ་ང་ཚོར་དཀའ་ངལ་མང་པོ་ཞིག་འཕྲད་པ་འདི་དེ་ལྟར་བྱས་ནས་བྱུང་བ་རེད། འོན་ཀྱང་ཨིན་ཇིས་བོད་ལ་བཙན་འཛུལ་བྱེད་པའི་སྐབས་མན་ཇུ་གོང་མས་ལྷ་སར་བཞག་པའི་རྒྱ་མིའི་སྐུ་ཚབ་ཨམ་བན་གྱིས་བོད་ཐོག་ཇུས་གཏོགས་གང་ཡང་མེད། རྒྱ་མིས་བཤད་པ་བཞིན་བོད་འདི་རྒྱ་ནག་གི་གནོན་ཤུགས་དང་ཆ་ཤས་ཡིན་ན་ཨམ་བན་དང་མཉམ་དུ་ཆིངས་ཡིག་བཞག་དགོས་པ་མ་གཏོགས་བོད་གཞུང་མཉམ་དུ་བཞག་དགོས་རྒྱུ་མེད། གང་ལ་ཞེ་ན་ཁོང་ལ་དབང་ཆ་གང་ཡང་མེད། དེས་གང་མཚོན་གྱི་ཡོད་རེད་ཅེ་ན། རྒྱ་མིས་བོད་ལ་གནོན་ཤུགས་ཡོད་ཅེས་པ་དང་། ཨིན་ཇིས་ Suzerain ཡོད་རེད་བཤད་པ་དེ་དངོས་འབྲེལ་མིན་པ་གསལ་པོ་དང་། བོད་འདི་རང་དབང་རང་བཙན་གཙང་མ་ཡིན་པ་ཧ་ཅང་གིས་གསལ་པོ་ཆགས་བསྡད་ཡོད།
དེར་བརྟེན་བོད་དང་ཨིན་ཇིའི་དབར་ཆིངས་ཡིག་བཞག་པའི་ནང་གལ་ཆེ་བ་གཅིག་གང་ཡོད་རེད་ཅེ་ན་ཨིན་ཇིར་དམིགས་བསལ་ཐོབ་ཐང་གཅིག་སྤྲད་དགོས་པ་ལས་དེ་མིན་རྒྱལ་ཁབ་གཞན་སུ་ལའང་ཐོབ་ཐང་སྤྲད་དགོས་མེད་ཅེས་བཤད་དུས་རྒྱ་ནག་དེའི་ནང་ཚུད་ཡོད། གང་ལྟར་བོད་ཀྱི་ལོ་རྒྱུས་བཤད་དགོས་བྱུང་ན་དེ་ཚོ་གལ་ཆེན་པོ་རེད་བསམས་ཀྱི་འདུག དེར་བརྟེན་དེ་རིང་པར་རིས་ཀྱི་འགྲེམས་སྟོན་འདིའི་ཐོག་གོ་སྐབས་འདི་བཟུང་ནས་ང་ཚོའི་རྒྱབ་ལྗོངས་གནས་ཚུལ་ཏོག་ཙམ་མཁྱེན་པ་ཡིན་ན་ད་ལྟའི་རྒྱ་མིས་གང་བྱུང་བཤད་པའི་ཁུངས་འདི་ཨིན་ཇིས་ཨེ་ཤི་ཡ་སོགས་ཀྱི་ནང་ལ་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་གཞི་རྩར་བཞག་པའི་ཐོག་ནས་དེ་འདྲ་ཆགས་ཡོད་རེད། ཅེས་གསུངས་རྗེས་པར་རིས་འགྲེམས་སྟོན་དང་འབྲེལ་བའི་གསུང་བཤད་གནང་ཡོད།
དེ་རྗེས་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་ཐེངས་འདིའི་པར་རིས་འགྲེམས་སྟོན་འདི་ཉིད་ལོ་ངོ་བརྒྱ་ལྷག་གོང་མི་སེར་སྤེལ་བའི་རིང་ལུགས་སྐོར་ཡིན་ཀྱང་། བོད་ནང་དུས་ད་ལྟའང་མི་སེར་སྤེལ་བའི་རིང་ལུགས་དེ་མུ་མཐུད་འགྲོ་བཞིན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན་ཕྱི་དྲིལ་དྲུང་འཕར་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་མཛད་སྒོ་གྲོལ་ཡོད་པ་བཅས། །