༢༠༡༧ ཟླ་ ༤ ཚེས་ ༢༢ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༡ ཉིན་སྤོན་ཊ་ཆོལ་གསུམ་གཞིས་ཆགས་བཙུགས་ནས་ད་བར་ལོ་ངོ་ ༥༠ འཁོར་བར་བརྟེན། ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་དམིགས་བསལ་སྐུ་མགྲོན་ས་གནས་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀྲི་ནེཤ་ཇངྒ་ Shri. Krinesh Jung མཆོག་དང་། གཞན་ཡང་ས་གནས་ཉེན་རྟོག་རུ་དཔོན་སོགས་དང་། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དབང་འདུས་ཚེ་རིང་ལགས་སོགས་མཛད་སྒོར་ཕེབས་འདུག
དེ་ཡང་ས་གནས་ཀྱི་རྐང་རྩེད་སྤོ་ལོའི་རྩེད་ཐང་ཆེན་མོའི་ནང་དུ་ལྔ་བཅུའི་དུས་དྲན་གྱི་མཛད་སྒོའི་ཐོག་ནང་སྲིད་བཀའ་བློན་མཆོག་གིས་རྒྱ་གར་དབུས་གཞུང་དང་། ལྷག་པར་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ཀྱིས་མཐུན་འགྱུར་རོགས་རམ་རྒྱ་ཆེ་འོག ཧི་མཱ་ཅལ་ས་ཁུལ་གྱིས་གཙོས་རྒྱ་གར་ས་གནས་གཞན་བཅས་ཀྱི་ནང་དུ་བོད་མི་བཙན་བྱོལ་བ་རྣམས་ཀྱིས་རང་གི་ཐུན་མིན་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ཐུབ་པར་བརྟེན་བཀའ་དྲིན་རྗེས་དྲན་ཞུས་འདུག
ཕྱོགས་མཚུངས་བཀའ་བློན་མཆོག་གིས་གསུང་དོན། ང་ཚོས་དེ་རིང་ལྔ་བཅུའི་དུས་དྲན་གྱི་གོ་སྐབས་འདི་བཟུང་ནས་ད་བར་ལས་དོན་ཆེ་ཕྲ་ཆུང་གསུམ་ཐོག་གྲུབ་འབྲས་ཐོན་པ་རྣམས་ལ་རྗེས་སུ་ཡི་རངས་ཞུ་དགོས་པ་དང་། ཕྱོགས་མཚུངས་མཐུས་ཤོར་གང་བྱུང་བ་རྣམས་བསྐྱར་ལྡབ་མི་ཡོང་སླད་གཟབ་གྲུང་ཡང་ངེས་པར་དུ་བྱེད་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་བ་མ་ཟད།
བོད་མི་ཚོས་ཤེས་ཡོན་ཐོག་དོ་སྣང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། ལྷག་པར་མི་རབས་གཞོན་པ་ཚོས་དེང་དུས་ཤེས་ཡོན་ལ་ངེས་པར་དུ་དོ་སྣང་བྱས་ནས་རང་དབང་སླར་གསོའི་ལས་འགུལ་ཐོག་འབད་བརྩོན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུང་དོན། ང་ཚོས་བོད་མིའི་རང་དབང་སླར་གསོ་ཐུབ་པ་བརྒྱུད་གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོའི་མངོན་འདོད་བསྒྲུབ་ཐུབ་པ་བྱེད་དགོས།
དེར་བརྟེན་ང་ཚོས་འབྱུང་འགྱུར་ལོ་ལྔ་བཅུའི་རིང་བོད་དོན་འཐབ་རྩོད་རྒྱུན་སྐྱོང་བྱེད་དགོས་ཀྱང་རྒྱ་གར་ནང་གནས་ནས་བྱེད་རྒྱུ་ཡིན་སྟབས་གཞིས་ཆགས་སྲ་བརྟན་བཟོ་དགོས་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། ཅེས་གསུངས་པ་དང་སྦྲགས་ཕྱི་ཉིན་བཀའ་བློན་མཆོག་ནས་བཀའ་ཤག་གི་ལྔ་དང་ལྔ་བཅུའི་སྲིད་བྱུས་སོགས་ཀྱི་སྐོར་ལ་གསལ་བཤད་གནང་རྒྱུ་ཡིན་སྐོར་གསུངས།
མཛད་སྒོའི་ཐོག་སྤོན་ཊ་ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་ལས་བསྡོམས་སྒྲོགས་སྦྱང་ཞུས། ཕྱོགས་མཚུངས་ས་གནས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀྲི་ནེཤ་ཇངྒ་ Krinesh Jung མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཝིར་བྷདྲ་སིངྒ་ Virbhadra Singh མཆོག་དང་ཧི་མཱ་ཅལ་མངའ་སྡེའི་ཚབ་ཞུས་ནས་མཛད་སྒོར་འཚམས་འདྲི་གནང་བ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཡུན་རིང་གནས་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཡང་ཞུས།
དེ་ཡང་ཁོང་གིས་གསུང་དོན། བཀུར་འོས་སྤྱི་ཁྱབ་བློན་ཆེན་མཆོག་དང་༸གོང་ས་མཆོག་ཐུགས་འདྲིས་ཧ་ཅང་ཆེ་བ་མ་ཟད། སྤྱི་ཁྱབ་བློན་ཆེན་མཆོག་ནས་མངའ་སྡེའི་ནང་གི་བོད་མི་བཙན་བྱོལ་བ་རྣམས་ལ་ད་བར་རོགས་རམ་གང་ཐུབ་གནང་ཡོད་པ་དང་། བོད་མི་དང་ས་གནས་ཡུལ་མིའི་དབར་མཐུན་ལམ་ཧ་ཅང་ཡག་པོ་ཡོད་པར་བསྔགས་བརྗོད་དང་སྦྲགས་འབྲེལ་བ་བཟང་པོ་ཡོད་བཞིན་པ་དེ་མུ་མཐུད་ནས་རྒྱུན་སྐྱོང་གནང་གལ་ཆེ་སྐོར་གསུངས།