༢༠༡༧ ཟླ་ ༤ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༨ གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཙམ་ལ་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༣ པའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་རྩེད་འགྲན་དབུ་འབྱེད་གནང་ཡོད། དབུ་འབྱེད་མཛད་སྒོར་ནང་སྲིད་བཀའ་བློན་མཆོག་གིས་གཙོས་སྤྲུལ་སྐུ་པདྨ་རྟ་མགྲིན་ལགས་དང་། ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱས་མཆོག སྤྱི་ཟུར་འཇིགས་མེད་འབྱུང་གནས་ལགས་བཅས་ཆེད་ཕེབས་གནང་ཡོད།
དེ་ཡང་ཐོག་མར་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་གསར་པ་སྐུ་ཞབས་པ་སངས་རྡོ་རྗེ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་དང་སྦྲགས་ཐེངས་འདིའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྤྱི་ཚོགས་དྲ་རྒྱ་བརྒྱུད་ཐད་ཀར་རྒྱང་སྲིང་ཞུ་བཞིན་ཡོད་པས་རྩེད་འགྲན་པ་རྣམས་ཀྱིས་རྩེད་མོ་དྲང་བདེན་་གྱི་ལམ་ནས་རྩེད་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད། དེ་རྗེས་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་ཀྱིས་རྩེད་ཐང་འདི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གཞིས་ཆགས་སྲ་བརྟན་ཡོང་རྒྱུའི་དགོངས་གཞི་གཞིར་བཟུང་འཕྲོད་བསྟེན་ལས་ཁུངས་ནས་དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་འོག མང་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་སོགས་ཀྱི་ཆེད་གསར་རྒྱག་གནང་ཡོད་སྐོར་དང་། དེ་བཞིན་རྩེད་ཐང་གི་ར་བ་བཟོ་སྐྲུན་སླད་རྒྱ་གར་དང་ཕྱི་རྒྱལ་ཁག་ནས་ཞལ་འདེབས་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཡོད།
དེ་ནས་ནང་སྲིད་བཀའ་བློན་མཆོག་གིས་རྐང་རྩེད་སྤོ་ལོ་རྩེད་མོའི་རྒྱབ་ལྗོངས་དང་བྱུང་རིམ་སྐོར་དང་། རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གོ་སྒྲིག་བྱེད་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་གནང་རྗེས། བཀའ་བློན་མཆོག་གིས་ས་གནས་འགོ་འཛིན་ལ་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་ད་ཐེངས་འགྲན་བསྡུར་ཐེངས་ ༢༣ པའི་དྲན་རྟེན་གྱི་ཕྱག་རྟགས་ཤིག་གནང་ཡོད།
ཕྱོགས་མཚུངས་གོང་ཚེས་ཉིན་གྱི་སྔ་དྲོ་བཀའ་བློན་མཆོག་གིས་ས་གནས་འགོ་འཛིན་ལས་ཁུངས་དང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ལས་ཁུངས། ༸རྒྱལ་བའི་ཕོ་བྲང་། མང་ཚོགས་འདུ་འཛོམས་གནང་སའི་སྡིངས་ཆ། མཆོད་རྟེན་གསར་པ། ཀུན་ཁྱབ་དོན་ལྡན་གླིང་སྨན་ཁང་བཅས་སུ་གཟིགས་སྐོར་གནང་སྟེ། སྤྱི་ཡོངས་ཀྱི་གནས་སྟངས་མཁྱེན་རྟོགས་ཡོང་སླད་འབྲེལ་ཡོད་འགན་འཛིན་རྣམས་དང་ཐུག་འཕྲད་གནང་ཡོད།
ཕྱི་ཚེས་ ༩ ཉིན་དོན་ལྡན་གླིང་མི་མང་རྣམས་ནས་བཀའ་ཤག་སྐབས་བཅོ་ལྔ་པའི་ལས་འཆར་དང་ལས་གཞི། སྲིད་བྱུས་སྐོར་གོ་རྟོགས་ཡོང་ཆེད་ཕྱོགས་ཕེབས་གནང་ཡོད་སྐོར་དང་། དེ་བཞིན་རྒྱ་གར་དབུས་གཞུང་གིས་གཏན་འབེབས་གནང་བའི་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་བྱུང་རིམ་དང་འབྲེལ་རྒྱ་གར་གཞུང་གིས་མོན་གྷོ་འདོད་རྒུ་གླིང་དང་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་ཞིང་བོགས་གཏོང་གནང་བའི་ཁྲིམས་མཐུན་གན་རྒྱར་མཚན་རྟགས་བཀོད་ཡོད་སྐོར། བཀའ་ཤག་གི་ལྔ་དང་ལྔ་བཅུའི་ཐབས་བྱུས་ཁོངས་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་དང་། འགོ་ཁྲིད་སྐྱེད་སྲིང་གི་གལ་ཆེའི་ཟབ་སྦྱོང་། སྒྲིག་འཛུགས་ཚགས་ཚུད་ཡོང་ཐབས་ཀྱི་ལས་གཞི། གཞིས་ཆགས་གཅིག་བསྡུས་ཡར་རྒྱས་ཀྱི་ལས་གཞི། ཤེས་ཡོན་གྱི་གལ་གནད་དང་དགོས་དམིགས། ནད་རིགས་སྔོན་འགོག་སོགས་ཀྱི་སྐོར། དེ་བཞིན་བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་གཏན་འབེབས་གནང་ཕྱོགས་ཀྱི་བྱུང་རིམ་དང་། བཀའ་ཤག་གིས་གསུམ་པའི་བཅུ་གཉིས་ཉིན་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་གནང་བ། བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཕྱི་ལོ་ ༢༠༡༧ ལོར་ལས་འགུལ་གྱི་ལོར་སྲུང་བརྩི་ཞུ་རྒྱུ། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་དང་འབྲེལ་བའི་སྐོར་སོགས་གསུང་བཤད་གནང་ཡོད། ཕྱི་ཚེས་ ༡༡ ཉིན་བཀའ་བློན་མཆོག་མོན་གྷོ་འདོད་རྒུ་གླིང་དུ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག །