༢༠༡༧ ཟླ་ ༤ ཚེས་ ༡༨ རེས་གཟའ་མིག་དམར།
༄༅། །ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་ཆོས་སྡེ་ཁག་དང་། རིག་གཞུང་བསྟི་གནས་རྣམས་ཀྱི་དངོས་ཡོད་གནས་སྟངས་གཟིགས་ཞིབ་དང་འབྲེལ་འཚམས་གཟིགས་གནང་མུས་ཡིན་པས། ད་བར་སྡེ་ར་ལྡུན་དང་། ཌོ་ལན་ཇི། སྦེལ་ཀོབ། ཧུན་སུར། ཀོ་ལེ་གྷལ། མོན་གྷོ། ཨོ་ཌི་ཤ། མན་སྤར། བྷན་ད་ར་བཅས་ཀྱི་དགོན་སྡེ་ཁག་ལ་གཟིགས་བསྐོར་བསྒྲུབས། ཕྱི་ཚེས་ ༡༧ ཉིན་ཆོས་རིིག་བཀའ་བློན་མཆོག་རྡ་ས་ཉེ་འཁྲིས་སི་དྷི་བྷ་རིར་ཆགས་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ཉིན་ཕྱེད་ལྷག་བཞུགས་ཏེ་གཟིགས་བསྐོར་གནང་།
སྔ་དྲོ་ཆུ་ཚོད་ ༩ ཐོག་ནོར་བུ་གླིང་གར་ཕེབས་འཕྲལ། འགན་འཛིིན་བདེ་ཆེན་རྣམ་རྒྱལ་ལགས་དང་། དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་རྣམ་གཉིས་ནས་ཕེབས་བསུ་ཞུས། ཐོག་མར་ཟ་ཁང་དང་། མགྲོན་ཁང་། དེ་ནས་བཟོ་ལས་སྡེ་ཚན་ཁག་སྟེ། ཤིང་བརྐོས་དང་ཤིང་བརྐོས་སྦྱོང་བརྡར་ཁང་། ནོར་གླིང་མཐོ་སློབ་ཀྱི་འཛིན་ཁང་། ཤིང་ཚོན། འཁོར་ཚེམ། ལྷ་བྲིས་སྦྱོང་བརྡར། རྟེན་བཞེངས་དང་རྟེན་བཞེངས་སྦྱོང་བརྡར། ལག་ཚེམ། ཐག་ལས། གོས་ཐང་། སྨན་ཁང་། གཙུག་ལག་ཁང་། ༸རྒྱལ་བའི་གཟིམ་ཆུང་། གོས་ཚོན། ༸རྒྱལ་བའི་མཛད་རྣམ་རྩོམ་སྒྲིག་དང་། ཞིབ་འཇུག་ལྟེ་གནས། ཡིག་ཚགས། རྩིས་ལས། ཚོང་ལས་སྡེ་ཚན་བཅས་སུ་རིམ་པར་གདན་ཞུས་ལྟར་གཟིགས་ཞིབ་མཛད། སྒྱུ་རྩལ་དགེ་རྒན་དང་། སློབ་སྤྱི། ལས་བྱེད་རྣམས་ཀྱིས་གནས་ཚུལ་སྙན་གསན་ཞུས་ཁག་གསན་ཞིང་བཀའ་འདྲི་ལེགས་བརྗོད་རིགས་ཀྱང་གནང་།
དེ་ནས་སྒྲོལ་མ་གླིང་བཙུན་དགོན་ཉེ་འདབས་ཡོད་པའི་ནོར་གླིང་ལས་ཤག་དང་། ནོར་གླིང་བུ་གསོ་ཁང་དུ་ཕེབས། བྱིས་ཆུང་ཉལ་ཁང་དང་། འཛིན་ཁང་། གསོལ་ཐབ་ཁང་བཅས་པར་གཟིགས་བསྐོར་གནང་། དེ་ནས་ཕྱེད་ཡོལ་ཆུ་ཚོད་ ༡་༡༥ ཙམ་དུ་ནོར་བུ་གླིང་གའིི་དབུ་འཛིན་བཀའ་ཟུར་སྐལ་བཟང་ཡེ་ཤེས་མཆོག་དང་གསོལ་ཚིགས་སྟབས་འགྲིག་མཇལ་འཕྲད་དང་།
དེ་རྗེས་ཆུ་ཚོད་ ༢་༣༠ ཙམ་དུ་མཛད་རྣམ་རྩོམ་སྒྲིག་ཁང་གི་འོག་ཐོག་ཚོགས་ཁང་དུ་ཚན་པ་ཁག་གིི་འགན་འཛིན་ལྷན་འཛོམས་བཞུགས་མོལ་ཚོགས་འདུ་བསྐྱངས་པར། བཀའ་བློན་མཆོག་གིས་ནོར་བུ་གླིང་ག་ཚགས་ཚུད་གསོན་རིལ་གནས་པའི་གཟིགས་ཚུལ་བྱུང་བར་དགའ་སྤྲོ་བརྟས་ཚུལ་དང་།
གཞིས་ཆགས་ཆེ་ཁག་ནང་དུ་ནོར་བུ་གླིང་གའི་ཡན་ལག་ཡོད་ཚེ་བོད་ཀྱི་སྒྱུ་སྩལ་རིག་གནས་མི་ཉམས་རྒྱུན་འཛིན་དང་གཞིས་ཆགས་སྲ་བརྟན་ཡོང་རྒྱུར་ཕན་རླབས་ཡོང་རྒྱུའི་དགོངས་འཆར་བྱུང་ཚུལ་སོགས་གསུངས་པ་དང་འབྲེལ། དབུ་འཛིན་བཀའ་ཟུར་མཆོག་དང་ལས་སྣེ་ལས་བྱེད་རྣམ་པར་ཡི་རངས་བསྔགས་བརྗོད་ཀྱིས་བཀའ་དྲིན་རྗེས་དྲན་ཞུས། ལས་བྱེད་རྣམ་པས་བོད་ཆགས་འཇིགས་ཀྱི་མཚམས་འདིར་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐོག་ཞབས་འདེགས་རླབས་ཆེན་བསྒྲུབས་དང་སྒྲུབ་མུས་ཡིན་པའི་དགོངས་ཚུལ་བཅངས་ནས་མུ་མཐུད་ལྷག་བསམ་འབད་འབུངས་དགོས་པའི་བསྐུལ་འདེབས་ཀྱང་ཞུས་པར་གནང་།
དེ་ལྟར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་འཚམས་གཟིགས་ལེགས་པར་བསྒྲུབས་པའི་གནས་ཚུལ་ཧྲག་བསྡུས་སུ། །