ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༧ རེས་གཟའ་པ་སངས།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་ནས་ཏི་ཛུ་དར་རྒྱས་གླིང་ས་གནས་འཐུས་ཚོགས་སྐབས་ ༩ པའི་འདེམས་ཐོན་ཚོགས་མི་རྣམས་ཀྱི་ལས་འཁུར་དམ་འབུལ་ཡོང་བའི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ པའི་ཆ་རྐྱེན་འོག་ཏི་ཛུ་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བསོད་ནམས་རིན་ཆེན་ལགས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༩ ཉིན་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ས་འཐུས་སྐབས་ ༩ པའི་འདེམས་ཐོན་ཚོགས་མི་ ༡༡ ནས་འཐུས་མི་ ༡༠ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་འཆི་མེད་ཚེ་རིང་ལགས་དང་ཚོགས་གཞོན་ངག་དབང་དགེ་ལེགས་བཅས་ཀྱི་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག
དེ་བཞིན་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ ཉིན་སྦིར་བོད་ཚོགས་ས་གནས་འཐུས་ཚོགས་སྐབས་ ༩ པའི་འདེམས་ཐོན་འཐུས་མི་གྲངས་ ༡༥ ནས་འཐུས་མི་ ༡༡ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་དར་རྒྱས་ལགས་དང་ཚོགས་གཞོན་ཡེ་ཤེས་རྒྱ་མཚོ་ལགས་བཅས་ཀྱི་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག
སྦིར་ས་འཐུས་དམ་འབུལ་གྱི་བྱེད་སྒོ་དང་སྟབས་བསྟུན། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པས་ས་གནས་མི་མང་ཚོགས་ཁང་དུ་གོང་ཚེས་ཉིན་རྒྱབ་ཆུ་ཚོད་ ༢ ཐོག་མང་ཚོགས་ ༥༢ ཙམ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡ ཉིན་གྱི་སྔ་དྲོ་ཆུ་ཚོུད་ ༡༡ ཐོག་སུ་ཇ་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་སློབ་མ་གྲངས་ ༣༤༥ དང་དགེ་རྒན་གྲངས་ ༨ ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ངོ་སྤྲོད་དང་སྦྲགས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། བཅའ་ཁྲིམས་དགོངས་དོན་མང་གཙོ་ཀ་བ་གསུམ་སོ་སོའི་འགན་དབང་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་གཏུག་བཤེར་བྱ་རིམ། ཁྲིམས་ཁོངས་ཁྱབ་ཚད་སོགས་ཀྱི་གོ་རྟོགས་སྤེལ་བ་དང། སྐབས་མཚམས་དྲི་བ་ཁག་ལ་ལན་འདེབས་གནང་འདུག་པ་བཅས། །
ཏི་ཛུ་དར་རྒྱས་གླིང་དང་། སྦིར་བོད་ཚོགས་གཉིས་ཀྱི་ས་འཐུས་དམ་འབུལ་ལེགས་གྲུབ།
གསར་གནས།
འབྲེལ་གནས།