༢༠༡༧ ཟླ་ ༤ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །འདི་གར་ཉི་ཧོང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་ཀརྨ་དགེ་ལེགས་ལགས། བསྟན་འཛིན་འཇམ་དབྱངས་ལགས་བཅས་ཀྱིས་ཕྱི་ཚེས་ ༢༧ ཉིན་སེ་ཏ་གྷ་ཡ་སློབ་ཆུང་ Setagaya Junior High School དུ་ཕེབས་ནས་སློབ་ཁྲིད་གནང་སྟངས་རྒྱུས་ལོན་གནང་འདུག
དེ་ཡང་བོད་མི་མང་སྤྱི་འཐུས་སྐུ་ཚབ་རྣམ་པས་ཚན་རིག་སློབ་ཚན་གྱི་ཚོད་ལྟ་ཁང་དང་། ཀློག་དེབ། ཨིན་སྐད་སློབ་ཚན། དེ་བཞིན་སྒོམ་གྱི་སློབ་ཁྲིད་བྱེད་སྟངས་དང་ཞལ་ལག་བཟོ་སྟངས་འཛིན་གྲྭ་བཅས་སུ་གཟིགས་ཞིབ་གནང་བ་མ་ཟད། འབྲེལ་ཡོད་ཤེས་ཡོན་ཚན་པའི་མི་སྣ་དང་ལྷན་ཤེས་ཡོན་གོ་རྟོགས་སྤེལ་སྟངས་ཀྱི་ཐབས་ལམ་སྐོར་ཕྱོགས་གཉིས་དབར་ཉམས་མྱོང་བརྗེ་ལེན་ལྷུག་པོ་བྱུང་ཡོད།
སྤྱིར་སློབ་གྲྭ་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཕྱི་ལོ་ ༢༠༡༠ དང་ ༢༠༡༦ ལོར་ཆིབས་སྒྱུར་བསྐྱངས་གནང་མཛད་འདུག སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་ལགས་ནི་བོད་མི་མང་སྤྱི་འཐུས་གནང་མུས་ཐོག་སེ་ལ་ཀུའི་སློབ་དགེ་གནང་བཞིན་ཡོད་སྟབས་ཉི་ཧོང་གི་སློབ་གྲྭ་དང་བོད་མིའི་སློབ་གྲྭའི་དབར་དགེ་རྒན་བརྗེ་ལེན་བྱ་རྒྱུའི་ལས་འཆར་སྤེལ་དགོས་གལ་ཆེ་བའི་བསམ་ཚུལ་གསུངས།
དེ་ཉིན་གྱི་ཉིན་རྒྱབ་ཏུ་བོད་མིའི་སྐུ་ཚབ་རྣམས་ཕྱི་ལོ་ ༡༦༩༡ ལོར་བཞེངས་པའི་གྷོ་གྷོ་ཀུ་ཅི་ Gokokuji དགོན་པར་གནས་གཟིགས་དང་། དགོན་པའི་མཆོད་དཔོན་སྐུ་ཞབས་ཨེ་ཇི་ཨོ་ཀོ་མོ་ཊོ་ Rev Eiji Okamoto མཆོག་དང་མཇལ་འཕྲད་གནང་བ་མ་ཟད། དགོན་པས་ད་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་ལ་རྒྱབ་སྐྱོར་གང་ལེགས་གནང་བར་བཀའ་དྲིན་རྗེས་དྲན་དང་། བོད་ཀྱི་ཁོར་ཡུག་གནས་སྟངས་སྤྱི་དང་ལྷག་པར་བོད་ནས་རྒྱུག་བཞིན་པའི་གཙང་པོ་དེ་དག་ཨེ་ཤི་ཡའི་གླིང་ཆེན་གྱི་མི་གྲངས་ས་ཡ་མང་པོའི་འཚོ་གནས་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། དེ་བཞིན་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་དེ་དག་ཉམས་རྒུད་གཏོང་བཞིན་པའི་སྐོར། གཞན་ཡང་བོད་ནང་དུ་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ ༡༤༧ གྱིས་རང་ལུས་མེར་སྲེག་བཏང་བ་བརྒྱུད་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་རྔམ་སྟོན་བྱས་པའི་སྐོར་གསལ་བཤད་ཞུས།
སྐབས་དེར་མཆོད་དཔོན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེའི་ལམ་སྟོན་དེ་དག་འཛམ་གླིང་ཁྱོན་ཡོངས་སུ་ངོས་འཛིན་ཆེན་པོ་ཞུ་བཞིན་ཡོད་པ་ནི་དགའ་སྤོབས་བྱེད་འོས་པ་ཞིག་ཡིན་ཞིང་།
འདི་ལོར་མགོན་པོ་གང་ཉིད་མཆོག་གྷོ་ཀུ་ཀུ་ཅི་དགོན་པར་སླར་ཡང་ཆིབས་སྒྱུར་བཀའ་དྲིན་བསྐྱང་ཐུབ་པའི་རེ་བ་ཞུ་བཞིན་ཡོད་སྐོར་གསུང་པ་དང་སྦྲགས། ཕྱི་ལོ་ ༢༠༡༡ ལོར་ཉི་ཧོང་དུ་ས་གཡོམ་གྱིས་རྐྱེན་བྱས་ནས་མཚོ་རླབས་ཀྱི་འཇིགས་པའི་འོག་མི་གྲངས་ཧ་ཅང་མང་པོའི་ཚེ་སྲོག་ཤོར་བ་རྣམས་ལ་༸གོང་ས་མཆོག་གིས་ཐུགས་སྨོན་མཛད་པ་རྣམས་དྲན་གསོ་ཞུས།
ཕྱོགས་མཚུངས་ཁོང་གིས་བོད་ནང་གི་གནས་སྟངས་ནི་སེམས་འཚབ་བྱེད་དགོས་པ་ཞིག་ཡིན་པར་བརྟེན། གྷོ་ཀུ་ཀུ་ཅི་དགོན་པའི་ངོས་ནས་འབྱུང་འགྱུར་བོད་མིར་རྒྱབ་སྐྱོར་གང་ཐུབ་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས།།