༢༠༡༧ ཟླ་ ༤ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་འབྱོར་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་༸གོང་ས་མཆོག་དབུ་བཞུགས་ཐོག ཨ་རུ་ནཱ་ཅལ་མངའ་སྡེའི་སྡི་རང་ས་ཁུལ་དུ་ཆགས་པའི་ཐུབ་གསུང་དར་རྒྱས་གླིང་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་རབ་གནས་བཀའ་དྲིན་བསྐྱངས་རྒྱུའི་མཛད་སྒོར་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་པདྨ་ན་བྷ་ Padmanabha Acharya མཆོག་གིས་གསུང་བཤད་གནང་དོན། དེ་རིང་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཕེབས་བསུ་ཞུ་རྒྱུའི་མཛད་སྒོ་འདི་ལྟ་བུར་ང་རང་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། སྤྱིར་སྟངས་བྱས་ན་ང་རང་ཨ་རུ་ནཱ་ཅལ་མངའ་སྡེའི་མི་སེར་དང་པོ་ཞིག་མཚོན་བཞིན་ཡོད་སྟབས། སྐུ་ཉིད་མཆོག་གི་ཕེབས་བསུར་འབུམ་སྡེ་ལར་བཅར་དགོས་པ་ཞིག་ཆགས་ཡོད། འོན་ཀྱང་གནས་སྟངས་ཤིག་གི་རྐྱེན་པས་ང་རང་ཕེབས་བསུར་བཅར་མ་ཐུབ་པར་བརྟེན་ངས་༸གོང་ས་མཆོག་ལ་གོ་སྐབས་འདི་བརྒྱུད་དགོངས་སེལ་ཞུ་རྒྱུ་ཡིན། དེ་རིང་གཙུག་ལག་སློབ་གཉེར་ཁང་དང་ལྷ་ཁང་གཅིག་ལྕོགས་འདི་ལྟ་བུ་ཞིག་གི་དབུ་འབྱེད་མཛད་སྒོ་ཡིན་སྟབས་དུས་ཚོད་ཧ་ཅང་བཀྲ་ཤིས་པ་ཞིག་ཡིན། སྟོན་པ་བཅོམ་ལྡན་འདས་ཀྱིས་བྱམས་པ་དང་བརྩེ་བ། སྙིང་རྗེ་སོགས་ནི་རྒྱུན་ལྡན་མི་ཚེའི་ནང་གི་ཉིན་ཞག་ཕྲུགས་གཅིག་རིང་ལ་དགོས་མཁོ་ཞིག་ཆགས་ཡོད། བཟང་སྤྱོད་ཀྱི་བསླབ་བྱ་དེ་དག་འཇིག་རྟེན་ཀུན་ལ་ཡོངས་ཁྱབ་ཏུ་གལ་གནད་ཆེན་པོ་ཡིན།
དེང་སྐབས་ཚན་རིག་གི་སློབ་སྦྱོང་ཧ་ཅང་ཚད་མཐོན་པོར་སོན་པའི་སྤྱི་ཚོགས་ཁྲོད་རྒྱ་གར་ནང་རིམ་བཞིན་ཆོས་དད་ཉམས་གུད་དུ་འགྲོ་བཞིན་ཡོད། སྤྱིར་ང་ཚོ་རྒྱ་གར་ཡུལ་འདི་ནི་རིས་མེད་ཀྱི་རྒྱལ་ཁབ་གཅིག་ཡིན། རིས་མེད་བརྗོད་སྐབས་ཆོས་ཁས་མི་ལེན་མཁན་ཞིག་ཡིན་པའི་གོ་དོན་མིན། དེ་ནི་རྒྱ་གར་གནའ་རབས་ཀྱི་ཆོས་ལུགས་ཚང་མ་འདྲ་མཉམ་ཐོག་གཟིགས་ཚུལ་ཞིག་ཡོད་པ་དེའི་དོན་ཡིན། རྒྱ་གར་གནའ་རབས་ཀྱི་སྲོལ་བཟང་འདི་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ཀུན་ལ་དར་འཕེལ་མཛད་ཡོད། རྒྱ་གར་ཡུལ་འདིས་འཛམ་གླིང་ཀུན་ལ་ཞི་བདེའི་རིན་ཐང་ཐོག་ལེགས་སྐྱེས་ཕུལ་ཡོད། ཕྱི་དངོས་པོའི་དཔལ་འབྱོར་འཛུགས་སྐྲུན་སོགས་ལྡན་ཡང་ནང་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་མེད་ན། མི་རྣམས་རང་འདོད་ཆེ་བ་དང་། སྤྱི་ཚོགས་མ་རབས་ཆགས་རྒྱུ་རེད། ང་ཚོའི་རྒྱལ་ཁབ་འདིའི་ནང་མཐོ་རིམ་སློབ་གཉེར་ཁང་ ༥༠༠ ཙམ་ཡོད། མཐོ་རིམ་སློབ་གཉེར་ཁང་བརྗོད་སྐབས་ཤེས་ཡོན་སྤྲོད་མཁན་གྱི་བསྟི་གནས་ཁང་ཞིག་ཡིན། འོན་ཀྱང་མཐོ་སློབ་ནས་སློབ་གཉེར་མཐར་ཕྱིན་ནས་སྤྱི་ཚོགས་ནང་ཞུགས་སྐབས་བཟང་སྤྱོད་ཀྱི་བསླབ་བྱ་མ་འདང་བར་བརྟེན་མི་དེ་རང་འདོད་ཆེ་བ་སོགས་ཡོང་བཞིན་ཡོད། དེར་བརྟེན་དེ་རིང་སྐུ་ཉིད་མཆོག་འདིར་༸ཞབས་སོར་འཁོད་ཐུབ་པ་འདིས་ང་ཚོར་བཟང་སྤྱོད་གོང་འཕེལ་གཏོང་རྒྱུའི་སྙིང་སྟོབས་འཕར་མ་ཞིག་སྦྱིན་སོང་། སྐུ་ཉིད་མཆོག་གི་ལམ་སྟོན་ལྟར་ཕྱི་དངོས་པོ་འཛུགས་སྐྲུན་གྱི་ཡར་རྒྱས་དང་དུས་མཉམ་དུ་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་ངས་སྐུ་ཉིད་མཆོག་དགུང་ལོ་མཐོ་པོ་འདི་ལྟ་བུར་ཕེབས་ཡོད་ཀྱང་སྐུ་ངལ་འཛེམས་མེད་ཐོག་ནས་རྒྱ་གར་ཡུལ་མི་ན་གཞོན་སྟོང་ཕྲག་མང་པོས་གཙོས་འཛམ་གླིང་ཕྱོགས་མཐའ་ཀུན་དུ་བཟང་སྤྱོད་ཀྱི་བཀའ་སློབ་སྩོལ་བཞིན་ཡོད། སྐུ་ཉིད་མཆོག་གི་ལམ་སྟོན་འོག་རྒྱ་གར་གྱིས་འཛམ་གླིང་སྣེ་ཁྲིད་ཐུབ་པ་ཞིག་ཡོང་རྒྱུ་རེད། སྐུ་ཉིད་མཆོག་ནི་སངས་རྒྱས་སྐུ་ཤ་རློན་པ་ཞིག་ཡིན། གནའ་རབས་རྒྱ་གར་ནང་དྲང་སྲོང་དུ་མ་བྱོན་ཡོད། འོན་ཀྱང་དེང་སྐབས་ང་ཚོས་ལྷ་ཁང་སོགས་ནང་ཕྱིན་ནས་ཕྱག་མཆོད་འབུལ་ཙམ་བྱས་པ་མ་གཏོགས་སེམས་གཏིང་ནས་ཆོས་ཉམས་ལེན་བྱེད་མཁན་དཀོན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།