༢༠༡༧ ཟླ་ ༤ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་འབྱོར་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༠ རེས་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྒྲུབ་བཞག་མཛད་པའི་རིང་དད་ལྡན་མང་ཚོགས་རྣམས་ལ་མ་ཎི་གསོག་དགོས་པ་བཀའ་སྩལ། དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་མང་ཚོགས་ལ་ཆོས་འབྲེལ་བྱེད་རྒྱུ་ཉིན་མ་གསུམ་པ་དེ་རེད། ཁ་སང་ཉིན་མ་དང་པོ་དེར་གཙོ་བོ་སྒོམ་རིམ་ཐོག་ནས་ནང་ཆོས་ངོ་སྤྲོད་ཀྱི་ཚུལ་དུ་བྱས་པ་རེད། གང་ལྟར་ངོས་ཀྱིས་ནམ་རྒྱུན་ཚང་མར་འབོད་སྐུལ་བྱེད་བཞིན་ཡོད། ནང་ཆོས་སྔོན་ལ་ངོ་སྤྲོད་བྱས། ནང་ཆོས་ངོ་འཕྲོད་ཚར་བའི་རྗེས་ལ་ནང་ཆོས་ཉམས་ལེན་བྱེད་སྟངས་སྐོར་དེ་བཤད་པ་ཡིན་ན་ཡག་པོ་ཡོད། དེ་སྔ་ང་རང་ཚོའི་བོད་ལ་སངས་རྒྱས་ཀྱི་བསྟན་པ་དཀར་སྐྱོང་ཡུག་གཅིག་ཏུ་ཁྱབ་ཡོད་ལ། དེ་འདྲའི་ཐོག་ནས་གང་ལྟར་ཡིན་ཤག་ཤག་བྱས་ནས་ལམ་སེང་དལ་འབྱོར་དོན་ཆེ་རྙེད་དཀའ་བ་དང་འཆི་བ་མི་རྟག་པའི་ཐོག་ནས་གསུང་རྒྱུ་གཅིག་འདུག ངོས་ཀྱིས་འདི་ཏོག་ཙམ་རན་པོ་མིན་འདུག་དྲན་བཞིན་འདུག
ཕྱོགས་གཅིག་ནས་དེང་སྐབས་ཆོས་ལུགས་འདྲ་མིན་ང་ཚོས་མཐོང་ཐུབ་རྒྱུ་ཡོད། གཉིས་ནས་ཆོས་མེད་མཁན་མང་པོ་ཞིག་ཡོང་བཞིན་ཡོད། འཛམ་གླིང་ནང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པའི་ནང་དུང་ཕྱུར་བཅུ་ཙམ་གྱིས་ཆོས་ཁས་ལེན་གྱི་མེད། ཆོས་ལ་སྐྱོན་དུ་ལྟ་མཁན་ཡང་མང་པོ་ཡོད། ཐེངས་ཤིག་ངོས་རང་རྡ་རམ་ས་ལར་བོད་པའི་སློབ་གྲྭ་ཞིག་ལ་ནང་ཆོས་ངོ་སྤྲོད་བྱེད་དུ་ཕྱིན་པ་རེད། ནང་ཆོས་ངོ་སྤྲོད་ཡིན་པའི་ཁུལ་བྱས་ནས་འགོ་བཤེས་གཉེན་བསྟེན་ཚུལ་ནས་མར་བྱས་ནས་ལམ་རིམ་ནང་བཞིན་ཁྲིད་སྟངས་ཀྱི་རིའུ་མིག་གཅིག་བཟོས་འདུག སྐབས་དེར་ངོས་ཀྱིས་དེ་ནོར་བ་རེད། ཅེས་བརྗོད་པ་ཡིན། བཤེས་གཉེན་བསྟེན་ཚུལ་ནས་འགོ་བཙུགས་པ་ཡིན་ན་ཡག་པོ་མེད། ལར་ནས་བཤེས་གཉེན་བསྟེན་ཚུལ་བླ་མའི་རྣལ་འབྱོར་དང་འབྲེལ་ནས་ཡོད། བླ་མའི་རྣལ་འབྱོར་སྔགས་བླ་མེད་སྐབས་ཧ་ཅང་གལ་ཆེན་པོར་གསུངས་ཡོད།
དེར་བརྟེན་སྔགས་བླ་མེད་ཀྱི་ཆོས་ཉམས་ལེན་བྱེད་མཁན་ཞིག་གིས་བླ་མའི་རྣལ་འབྱོར་དང་བཤེས་གཉེན་བསྟེན་ཚུལ་བསླེབས་ཀྱི་ཡོད། སྔགས་བླ་མེད་ལ་འགྲོ་བར་རྨང་གཞི་བཏིང་ནས་འགྲོ་དགོས་པ་རེད་མ་གཏོགས། ལམ་སང་བླ་མའི་རྣལ་འབྱོར་བྱེད་ཟེར་རྒྱུ་འདི་ཏོག་ཙམ་ཁག་པོ་རེད། སྐབས་དེར་ངོས་ཀྱིས་འདི་འདྲ་བརྗོད་རྒྱུ་བྱུང་། སངས་རྒྱས་པའི་ཆོས་ངོ་སྤྲོད་བྱེད་རྒྱུ་འདི་བཅོམ་ལྡན་འདས་ཀྱིས་མདོ་རང་ནས་གསུངས་པ་ལྟར། སེམས་སྐྱེད་པ་དང་གདམས་ངག་དང་། ཞེས་གསུངས་པ་ལྟར་ལམ་གྱི་ངོ་བོ་སེམས་སྐྱེད་བཤད་པ། དེ་དག་བྱེད་གདམས་ངག་བཤད་པ། ཞེས་གདམས་ངག་འཆད་སྐབས་གདམས་ངག་བཅུ་བཤད་ཀྱི་ཡོད། བསྒྲུབ་དང་ལྡན་པ་རྣམས་དང་ནི། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། མ་ཤེས་ཡོངས་སུ་མི་ངལ་དང་། ལམ་ནི་ཡོངས་སུ་འཛིན་པ་དང་། སྤྱན་སྔར་དང་ནི་དངོས་ཤེས་ཀྱི། ཡོན་ཏན་དྲུག་དང་མཐོང་ལམ་དང་། སྒོམ་ཞེས་བྱ་བའི་གདམས་ངག་དང་། བཅུ་ཡི་བདག་ཉིད་ཤེས་པར་བྱ། ཞེས་མངོན་རྟོགས་རྒྱན་ཤེར་ཕྱིན་གྱི་མན་ངག་ནང་གདམས་ངག་བཅུ་དེ་ལྟར་འཁྲིད་ཡོད། འདི་སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་རེད། མགོན་པོ་བྱམས་པས་མངོན་རྟོགས་རྒྱན་ནང་ཤེར་ཕྱིན་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དེ་དག་གསལ་བར་མཛད་པ་རེད། ཅེས་སོགས་ཀྱི་སྔོན་འགྲོའི་བཀའ་ཆོས་སྩལ། དེ་རྗེས་རིག་འཛིན་གདོང་གྲུབ་ཀྱི་བཀའ་དབང་བཀའ་དྲིན་ཆེ་གནང་མཛད། སྐབས་དེར་༸གོང་ས་མཆོག་གི་དབང་དེ་འཁྲུལ་ཤིག་རིན་པོ་ཆེའི་སྐུ་མདུན་ནས་ཐོབ་གནང་མཛད་ཚུལ་སྐོར་བཀའ་སྩལ། དེ་བཞིན་གོང་ཚེས་ཉིན་ས་གནས་ཀྱི་བཏང་སྙོམས་ཚོགས་པ་ཞེས་རྟ་དབང་ས་གནས་དུད་འགྲོའི་རང་དབང་སྲུང་སྐྱོབ་ཚོགས་པས་གོ་སྒྲིག་འོག་རྟ་དབང་མང་ཚོགས་ནས་མགོན་པོ་གང་ཉིད་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།།