༢༠༡༧ ཟླ་ ༣ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༧ ཉིན་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཆོས་འཕེལ་ཚེ་རིང་ལགས་ཀྱིས་ནོར་ཐེ་ཧེམ་ཊོན་ Northampton གྲོང་སྡེའི་ཚོམས་ཆེན་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་འདུག སྐབས་དེར་གྲོང་སྡེའི་སྤྱི་ཁྱབ་ལས་ཁུངས་ཀྱི་ཚོགས་གཞོན་སྐུ་ཞབས་ཕིལ་ལ་རེ་ཊི་ Councillor Phil Larratt མཆོག་དང་། གྲོང་སྡེའི་སྤྱི་ཁྱབ་ཁི་རི་སི་ཊོབ་པར་མལ་པ་སི་ Councillor Christopher Malpas མཆོག་བཅས་ཀྱང་ལྷན་ཞུགས་གནང་བ་མ་ཟད། རྒྱར་དར་སྒྲེང་འཛུགས་སྐབས་མི་གྲངས་ ༡༥༠ ལྷག་འདུ་འཛོམས་བྱུང་འདུག་པ་དང་། སྤྱིར་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་རིམ་འདི་ནི་ལོ་སྟར་ཆགས་སུ་ལག་བསྟར་གནང་བཞིན་པའི་བྱེད་སྒོ་ཞིག་ཡིན། དེ་ཡང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཞུ་རྒྱུའི་ལས་དོན་དེ་ཐོག་མར་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨིན་ཇིའི་བུད་མེད་ལྕམ་སྐུ་ཀེ་རོ་ལིན་སི་ཀེ་ཊར་གུ་ཌི་ Ms Caroline Scattergood མཆོག་གིས་འགོ་འཛུགས་གནང་བ་ཞིག་ཡིན་འདུག་ཅིང་། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལམ་སྲོལ་དེ་རྒྱུན་སྐྱོང་གནང་ནས་ལོ་ ༡༨ ཕྱིན་འདུག
དེ་ཡང་མཛད་སྒོའི་ཐོག་སྐུ་ཚབ་དོན་གཅོད་ནས་གསུང་བཤད་གནང་དོན། ཁྱེད་རྣམ་པ་འདིར་འཛོམས་གནང་ཐུབ་པ་དེ་ཙམ་གྱིས་གཞིས་བཞུགས་བོད་མི་ཚོར་རྒྱབ་སྐྱོར་ཡོད་པའི་བརྡ་ལན་ཧ་ཅང་ཤུགས་ཆེ་ཞིག་བཏང་ཐུབ་པ་བྱུང་ཡོད། སྤྱིར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་དེ་ཞི་བའི་བཅིང་བཀྲོལ་བཏང་ཡིན་ཟེར་རྗེས། བོད་མི་རྣམས་རྒྱ་ནག་གཞུང་གི་བཀའ་དྲིན་བསམ་ཤེས་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་བྱེད་བཞིན་ཡོད་ཀྱང་། ཇི་སྲིད་བོད་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་རྩིས་མེད་རྡོག་རོལ་བཏང་བ་དེ་སྲིད་དུ་བོད་མི་ཚོས་རྒྱ་ནག་གི་དབང་སྒྱུར་ལ་གདོང་ལེན་མུ་མཐུད་ནས་བྱ་རྒྱུ་ཡིན་པ་གདོན་མི་ཟ། ནོར་ཐེ་ཧེམ་ཊོན་གྲོང་སྡེས་འདས་པའི་ལོ་ངོ་ ༡༨ རིང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་ཙམ་དུ་མ་ཟད། བོད་དོན་བདེན་མཐའ་མ་གསལ་བར་དུ་ང་ཚོར་མུ་མཐུད་རོགས་རམ་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་བ་མ་ཟད། གྲོང་སྡེའི་སྤྱི་ཁྱབ་ལས་ཁུངས་ཀྱི་ཚོགས་གཞོན་སྐུ་ཞབས་ཕིལ་ལ་རེ་ཊི་ Councillor Phil Larratt མཆོག་དང་། གྲོང་སྡེའི་སྤྱི་ཁྱབ་ཁི་རི་སི་ཊོབ་པར་མལ་པ་སི་ Councillor Christopher Malpas མཆོག་བཅས་ནས་ཀྱང་མཛད་སྒོའི་ཐོག་གསུང་བཤད་གནང་ཡོད་པ་བཅས།།