༢༠༡༧ ཟླ་ ༣ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༥ ནས་ ༨ བར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་ Ottawa གཞུང་འབྲེལ་ཕྱོགས་ཕེབས་ལེགས་པར་མཇུག་སྒྲིལ་གནང་འདུག སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས་ལྷན་བཅར་ཞུས་འདུག
དེ་ཡང་བཀའ་བློན་མཆོག་ཐེངས་འདིར་གཞུང་འབྲེལ་ཕྱོགས་ཕེབས་གནང་དགོས་དོན་ནི། ཁེ་ན་ཌའི་གཞུང་ནས་ལོ་གཉིས་རིང་རྒྱ་གར་དང་བལ་ཡུལ་ནང་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་གྱི་སྤུས་ཚད་གོང་མཐོར་གཏོང་རྒྱུའི་ལས་གཞིའི་འོག ཁེ་ན་ཌའི་དངུལ་སྒོར་ས་ཡ་གཉིས་གནང་འབྱོར་བྱུང་བའི་ལས་གཞི་ཇི་ལྟར་འགྲོ་བཞིན་ཡོད་པའི་སྐོར་ལས་བསྡོམས་གསལ་བཤད་གནང་ཆེད་ཡིན་པ་དང་། ལས་བསྡོམས་གསལ་བཤད་གནང་ཡུལ་ནི་ཡུལ་དེའི་སྲིད་གཞུང་དང་། གྲོས་ཚོགས་ཀྱི་ཚོགས་མི། དེ་བཞིན་རྒྱབ་སྐྱོར་བ་བཅས་ཡིན་ཞིང་། ལས་གཞི་འདི་བཞིན་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡ ཉིན་འགོ་བཙུགས་ཏེ་ཕྱི་ལོ་ ༢༠༡༧ ཟླ་ ༦ ནང་མཇུག་བསྒྲིལ་རྒྱུ་ཡིན་འདུག
ཤེས་རིག་ལས་ཁུངས་དང་ཀེ་ན་ཌའི་ AgriTeam ཞེས་ཐུན་མོང་ཤེས་ཡོན་གོང་མཐོར་གཏོང་རྒྱུའི་ལས་གཞི་འདིའི་འོག བོད་པའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་རྒན་ཁྱོན་ཆིག་སྟོང་བརྒལ་བར་དེང་དུས་ཀྱི་སློབ་ཁྲིད་ཐབས་ལམ་དང་། བོད་ཡིག་སློབ་ཁྲིད་ཀྱི་ཐབས་ལམ་བཅས་ཀྱི་ཐོག་ཟབ་སྦྱོང་གནང་ཐུབ་པ་བྱུང་ཡོད།
ཕྱོགས་མཚུངས་བཀའ་བློན་མཆོག་དང་སྐལ་རྡོར་ལགས་རྣམ་གཉིས་ཀྱིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་དང་། ལས་གཞི་དེར་གཟིགས་རྟོག་གནང་མཁན་གཞུང་གི་འབྲེལ་ཡོད་ལས་བྱེད། གཞུང་འབྲེལ་མི་སྣ། AgriTeam ཞེས་པའི་འཛིན་སྐྱོང་དང་ལས་བྱེད་བཅས་དང་ཐུག་འཕྲད་གནང་འདུག
སྤྱིར་བཀའ་བློན་མཆོག་ཐེངས་འདིར་ཁེ་ན་ཌར་ཕེབས་དགོས་དོན་ནི། རྒྱ་བལ་གཉིས་ཀྱི་བོད་མིའི་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་གོང་མཐོར་གཏོང་སླད། ཁེ་ན་ཌའི་སྲིད་གཞུང་ནས་རྒྱབ་སྐྱོར་མུ་མཐུད་ཐོབ་ཐབས་ཆེད་ཡིན་འདུག་པ་དང་། ཕྱོགས་ཕེབས་གོ་སྒྲིག་ཞུ་མཁན་ཁེ་ན་ཌའི་ AgriTeam ཞེས་པ་ཡིན་འདུག།