ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཉེ་འདབས་སུ་ཞུགས་མཁན་ནིའུ་ཡོག་གྲོང་ཁྱེར་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཤཱ་མིང་ XIA MING ལགས་ཀྱིས་ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གནད་ཞུས་ལྟར། གསུམ་བཅུའི་དུས་དྲན་ཐེངས་ ༥༨ སྲུང་བརྩི་ཞུ་བའི་མཛད་སྒོར་གསུང་བཤད་གནང་བ་ནས་ཟུར་འདོན་བྱས་པ་ཡིན།
དེ་ཡང་དགེ་རྒན་ཆེན་མོ་ཤཱ་མིང་ལགས་ཀྱིས་བོད་མི་མང་གི་ལས་དོན་དང་༧གོང་ས་ཏཱ་ལའི་བླ་མ་གཉིས་ཁ་བྲལ་ཐབས་མེད་པར་བརྟེན། བོད་མིའི་རང་དབང་གི་ལས་དོན་ལ་ལས་སླ་པོའི་ངང་འགོོག་རྐྱེན་བཟོ་བའི་ཐབས་ལམ་ནུས་པ་ལྡན་ཤོས་ནི། ཁུངས་མེད་ཀྱི་བསམ་ཚུལ་བཀྲམས་པ་དང་། མི་རྣམས་མགོ་འཁྲུལ་དུ་བཅུག་སྟེ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་བཞེད་དང་རྒྱང་ཐག་རིང་དུ་གཏོང་བ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུ་ཁྲིད་ཀྱི་གནས་བབ་དང་། ཤུགས་རྐྱེན་མེད་པ་བཟོ་རྒྱུ་དེ་རེད། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས། བོད་མིའི་སྒྲིག་འཛུགས་བཅས་ནས་དབུ་མའི་ལམ་མཐའ་སྐྱོང་གནང་གི་ཡོད་པ་ང་ཚོ་ཚང་མས་ཤེས་ཀྱི་ཡོད།
དབུ་མའི་ལམ་གཏོར་བཤིག་གཏོང་རྒྱུ་དེ་ནི། བོད་མིའི་ལས་དོན་ལ་གནོད་པ་སྐྱེལ་རྒྱུའི་ཐབས་ཤེས་ཤིག་ཆགས་ཡོད། རྒྱ་ནག་གུང་བྲན་གཞུང་གིས་བོད་མི་ཁ་ཤས་དང་། རྒྱ་རིགས་ཁ་ཤས་ཀྱིས་དབུ་མའི་ལམ་ལ་ངོས་འཛིན་གསལ་པོ་བྱེད་ཐུབ་ཀྱི་མེད་པའི་གནས་སྟངས་དེ་བེད་སྤྱོད་བྱས་ནས་བཙན་བྱོལ་བོད་མི་ནང་ཁུལ་ཁ་བྲལ་དང་། གཞིས་བྱེས་གཉིས་དབར་ཁ་བྲལ། བོད་པ་དང་རྒྱ་མིའི་དབར་ཁ་བྲལ་གཏོང་རྒྱུའི་ལས་རིགས་བརྩམ་གྱི་མ་རེད་སྙམ་པའི་བྱིས་བློའི་བསམ་བློ་ནམ་ཡང་གཏོང་རྒྱུ་མེད། ང་རང་ལ་ཆ་བཞག་ན། ༧གོང་ས་མཆོག་དང་ལྷན་དུ་བཀའ་མོལ་ཞུ་རྒྱུའི་གོ་སྐབས་ཐེངས་མང་བྱུང་། ༧གོང་ས་མཆོག་གིས་དབུ་མའི་ལམ་རྒྱུན་འཁྱོངས་གནང་བ་ནི་ལྷག་བསམ་རྣམ་དག་དང་། ཏན་ཏན་ཏིག་ཏིག་ཡིན་པ་ལས། མིག་རྒྱང་ཐུང་བའི་གནས་སྐབས་ཀྱི་བྱེད་ཐབས་ཤིག་མ་རེད།
ངས་དབུ་མའི་ལམ་ནི་བོད་མི་སྐྱོབ་རྒྱུ་དང་། རྒྱལ་ཁབ་ཀྱི་མི་སེར་སྲུང་སྐྱོབ་བྱེད་པའི་ཁྱོན་ཡོངས་ཀྱི་བསམ་གཞིག་ཅིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། དེར་བརྟེན་རང་ངོས་ནས་བཤད་ན། གལ་སྲིད་ངས་བོད་མིའི་ལས་དོན་ལ་རྒྱབ་སྐྱོར་བྱེད་དགོས་ན། ཆེས་སྟབས་བདེ་ཞིང་བློ་རིག་ལྡན་པའི་ཐབས་ཤེས་ནི། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་རྗེས་སུ་འབྲངས་རྒྱུ་འདི་ཡིན། ཨིན་ཡུལ་གྱི་སྲིད་བློན་མེ་གྷ་རེ་ཊི་ཐེ་ཅར་ Margaret Thatcher མཆོག་གིས། གལ་སྲིད་ཁྱེད་རང་གིས་ལམ་དཀྱིལ་ལ་ཕྱིན་ན། གཡས་གཡོན་གཉིས་ནས་ཡོང་བའི་རླངས་འཁོར་གྱིས་རྡུང་བའི་ཉེན་ཁ་ཡོད་ཅེས་གསུངས་མྱོང་ཡོད། ཡིན་ན་ཡང་། དེ་ལྟ་བུའི་སྒེར་གྱི་ཉེན་ཁ་འདི་དབུ་མའི་ལམ་གྱི་རྣམ་དཔྱོད་དང་མདུན་ལམ་ལ་དྭོགས་པ་ཟ་བའི་རྒྱུ་རུ་འགྲོ་ཐབས་མེད་ལ་ང་ལ་ཡིད་ཆེས་བརྟན་པོ་ཡོད།
དགེ་རྒན་ཆེན་མོ་ཤཱ་མིང་གིས་གསུང་བཤད་ཆ་ཚང་གསལ་བའི་དྲྭ་བྱང་འདི་རེད།