༢༠༡༧ ཟླ་ ༣ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༥ ཉིན་ཏ་མིལ་ན་དུ་མངའ་སྡེའི་རྒྱལ་ས་ཅེན་ནེའི་ནང་རྟེན་གཞི་བྱས་པའི་མ་དི་ར་སི་གཙུག་ལག་སློབ་གཉེར་ཁང་ Madras University དུ་ཕྱི་དྲིལ་འགྲེམས་སྟོན་ཚན་པ་དང་འཕགས་བོད་འབྲེལ་མཐུད་ལས་ཁུངས། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པ་དང་མ་དི་ར་སི་གཙུག་ལག་སློབ་གཉེར་ཁང་བཅས་ཚོགས་པ་བཞིས་གོ་སྒྲིག་ཞུས་པའི་༼རྒྱ་གར་ཐུགས་རྗེ་ཆེ།༽ ཞེས་པའི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་དེ་རེ་ཞིག་ལེགས་པར་མཇུག་སྒྲིལ་ཡོད་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་དོན་སྐོར་གྱི་བགྲོ་གླེང་ཐོག་བོད་རིག་པའི་མཁས་དབང་སྐུ་ཞབས་ཁ་ལོ་ཌི་ཨར་པི་ Claude Arpi ལགས་དང་། རྒྱ་གར་གྱི་མཚོ་དམག་རུ་དཔོན་ཟུར་པ་སྐུ་ཞབས་ཨར་ཨེ་སི་ལྦ་སན་ R S Vasan ལགས། མ་དི་ར་སི་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པ་ལྕམ་སྐུ་སོ་ནི་ཀ་གུབྟཱ་ Dr Sonika Gupta ལགས། ལོ་ཡ་ལ་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་སྐུ་ཞབས་བྷར་མར་ཊི་སྭ་མི་ Bernard D’ Sami ལགས། སེར་བྱེས་ཤེས་ཡོན་ཚན་པའི་འགན་འཛིན་དགེ་བཤེས་ཉི་མ་བཀྲ་ཤིས་ལགས། སྦེང་ལོར་དུ་རྟེན་གཞི་བྱས་པའི་ཡན་ལག་སྨན་རྩིས་ཁང་གི་འབུམ་རམས་པ་སྨན་པ་རྡོ་རྗེ་རབ་བརྟན་ལགས། དེ་བཞིན་མཐོ་སློབ་ཀྱི་སློབ་ཕྲུག་དང་མི་མང་བཅས་ཚང་འཛོམས་ཀྱིས་ཐོག་མར་མ་དི་ར་སི་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་ཚན་རིག་སློབ་དཔོན་སྐུ་ཞབས་ར་མུ་མ་ནི་ལྦ་ནན་ Ramu Manivannan ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་མཁས་དབང་རྣམས་ནས་གསུང་བཤད་གནང་ཡོད།
སྐབས་དེར་བོད་རིག་པའི་མཁས་དབང་སྐུ་ཞབས་ཁ་ལོ་ཌི་ཨར་པི་ Claude Arpi ལགས་ཀྱིས་བོད་ནི་རྒྱ་གར་ལ་གལ་གནད་ཇི་ཙམ་ཆགས་མིན་སྐོར་དང་། རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་བོད་དེ་འཛམ་གླིང་ས་ཁྲའི་སྟེང་ནས་བརླག་པ། དེ་བཞིན་རྒྱལ་ཁབ་འདྲ་མིན་ནང་རྒྱུག་བཞིན་པའི་རྒྱུག་ཆུ་ཆེ་ཁག་བཅུ་ཙམ་གྱི་ཆུ་མགོ་བོད་ཡིན་པ་མ་ཟད། བོད་ཀྱི་ཁོར་ཡུག་དང་གནམ་གཤིས། དེ་བཞིན་མཚོ་དང་ཚིའུ། རྒྱུག་ཆུ་སོགས་ཧ་ཅང་གཙང་མ་ཡོད་ཚུལ་སོགས་ཀྱི་ཐོག་གཏམ་བཤད་གནང་བསྟུན། མཚོ་དམག་རུ་དཔོན་ཟུར་པ་སྐུ་ཞབས་ཨར་ཨེ་སི་ལྦ་སན་ R S Vasan ལགས་ཀྱིས་ས་བབ་ཀྱི་གནས་སྟངས་ཐོག་ནས་རྒྱ་ནག་གཞུང་གིས་བོད་ཐོག་སྲིད་བྱུས་འཛིན་སྟངས་ཙམ་མ་ཟད། བོད་ཙམ་མིན་པར་རྒྱལ་ཁབ་གཞན་གྱི་ཐོག་ལའང་དོ་སྣང་བྱེད་བཞིན་ཡོད་སྐོར། དེ་བཞིན་རྒྱ་ནག་གིས་བོད་ནང་མེ་འཁོར་ལྕགས་ལམ་བརྒྱབ་པ་དེས་བོད་ནང་དུ་རྒྱ་མིའི་དམག་དཔུང་རྒྱ་སྐྱེད་གཏོང་རྒྱུའི་ཆེད་ཡིན་སྐོར་སོགས་གསུངས།
དེ་རྗེས་ལོ་ཡ་ལ་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་སྐུ་ཞབས་བྷར་མར་ཊི་ས་མི་ Bernard D’ Sami ལགས་ཀྱིས་བོད་དང་འགྲོ་བ་མིའི་ཐོབ་ཐང་། བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་སོགས་ཉམས་ཆག་གཏོང་བཞིན་ཡོད་པ་དང་། བོད་ནང་གི་རྒྱལ་གཅེས་པ་ ༡༤༦ ཡིས་རང་དབང་འཐབ་རྩོད་སླད་རང་ལུས་མེར་སྲེག་བཏང་ཡོད་སྐོར་སོགས་ཀྱི་གཏམ་བཤད་གནང་ཡོད།
དེ་ནས་མ་དི་ར་སི་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པ་ལྕམ་སྐུ་སོ་ནི་ཀ་གུབ་ཏ་ Dr Sonika Gupta མཆོག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཇི་ལྟར་ཆགས་ཚུལ་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་སོགས་གསུངས་རྗེས་དགེ་བཤེས་ཉི་མ་བཀྲ་ཤིས་ལགས་ཀྱིས་བོད་བརྒྱུད་ནང་བསྟན་དང་ནཱ་ལེནྡྲའི་དབར་གནའ་རབས་ལོ་རྒྱུས་ཐོག་ནས་འབྲེལ་བ་ཇི་འདྲ་ཡོད་མིན་སོགས་ཀྱི་སྐོར་གཏམ་བཤད་གནང་བ་མ་ཟད། སྨན་པ་རྡོ་རྗེ་རབ་བརྟན་ཨར་ཡ་ལགས་ཀྱིས་བོད་ཀྱི་སྨན་དང་རྩིས་སྐོར་གསུང་བཤད་གནང་བསྟུན་ཚོགས་བཅར་བ་རྣམས་དང་ལྷན་བགྲོ་གླེང་དང་དྲི་བ་དྲིས་ལན་སོགས་གནང་མཐར། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཐེངས་འདིའི་ཉིན་གྲངས་གཉིས་ཀྱི་བོད་དོན་དྲིལ་བསྒྲགས་ལས་འགུལ་རེ་ཞིག་ལེགས་གྲུབ་བྱུང་ཡོད། །