༢༠༡༧ ཟླ་ ༣ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༧ ཉིན་སྦར་སེལ་ནང་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁུལ་དེར་ཉིན་གྲངས་གསུམ་རིང་བོད་དོན་ཞུ་གཏུག་དང་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་འགོ་བཙུགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་སྐུ་ཚབ་དོན་ཁང་གི་ལས་འགན་སོགས་ཞིབ་ཕྲ་ངོ་སྤྲོད་གནང་བ་དང་སྦྲགས་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་། སྐུ་ཚབ་དོན་ཁང་གི་བྱུང་རིམ་སྔ་རྗེས་གོ་རིམ་དང་། དགོས་པ་རྒྱུ་མཚན་སོགས་ངོ་སྤྲོད་གནང་དོན། ཕྱི་ལོ་ ༡༩༦༠ ལོར་བལ་ཡུལ་དང་ལྡི་ལི་སྐུ་ཚབ་དོན་ཁང་གཉིས་གསར་འཛུགས་གནང་དགོས་དོན་ནི། ཡུལ་སོ་སོའི་སྲིད་གཞུང་དང་འབྲེལ་བ་གནང་བ་བརྒྱུད་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་བདེ་དོན་དང་ཤེས་ཡོན། གཞིས་ཆགས་གསར་འཛུགས་ཆེད་ཡིན།
དེ་རྗེས་ཕྱི་ལོ་ ༡༩༦༤ ལོར་ནིའུ་ཡོག་དང་ཇི་ནི་ཝར་བོད་ཀྱི་སྐུ་ཚབ་དོན་ཁང་འཛུགས་དགོས་དོན་ནི། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ཞུ་གཏུག་སྤེལ་རྒྱུ་དང་བོད་དོན་ལ་རྒྱབ་སྐྱོར་ཐོབ་ཐབས་ཆེད་ཡིན། ཕྱོགས་མཚུངས་དེ་ནས་འདས་པའི་ལོ་རྒྱུས་ནང་བོད་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཉི་ཧོང་དང་ཨིན་ཡུལ་ནང་བཙུགས་ཡོད། དེ་རྗེས་ ༡༩༨༠ སྨད་ཆར་བོད་ནང་ཞི་རྒོལ་རྒྱ་ཆེ་བྱུང་བ་དང་། ཤར་ཡུ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ལ་རང་དབང་སླར་གསོ་འབྱུང་བཞིན་ཡོད་པར་བརྟེན་རིམ་བཞིན་རྒྱལ་ཁབ་གཞན་གྱི་ནང་སྐུ་ཚབ་དོན་ཁང་གསར་འཛུགས་གནང་ཡོད། ཅེས་དང་།
གཞན་ཡང་སྐུ་ཚབ་དོན་གཅོད་ཀྱིས་ལས་འགུལ་བ་རྣམས་ལ་བོད་ཀྱི་སྐུ་ཚབ་དོན་ཁང་གི་ངོས་ནས་བོད་དོན་ལས་འགུལ་གསོན་པོར་གནས་རྒྱུ་དང་བོད་དོན་ཐོག་རྒྱབ་སྐྱོར་ཐོབ་ཐབས་སོགས་ཀྱི་འགན་འཁྲི་གལ་ཆེ་ཞིག་ཡོད་སྐོར་སོགས་ངོ་སྤྲོད་གནང་ཡོད། དེ་བཞིན་སྐུ་ཚབ་དོབ་གཅོད་ཀྱིས་ཨི་ཊ་ལི་ Italy དང་། འཇར་མ་ནི། Germany ཨོ་སི་ཊེ་རི་ཡ། Austria པོ་ལེནྜི་ Poland བཅས་ནས་ལས་འགུལ་ནང་མཉམ་ཞུགས་གནང་མཁན་རྣམས་དང་ལྷན་བསམ་ཚུལ་བརྗེ་ལེན་གྱི་ལས་རིམ་སྐབས། ཕྱི་རྒྱལ་ཏུ་གནས་སྡོད་བོད་མི་གཞོན་སྐྱེས་རྣམས་ཀྱིས་སོ་སོའི་སློབ་སྦྱོང་བྱེད་སའི་གཙུག་ལག་སློབ་ཁང་དུ་བོད་དོན་དང་འབྲེལ་བའི་དམིགས་བསལ་ལས་འགུལ་སྤེལ་རྒྱུའི་གལ་གནད་སྐོར་གསུངས་འདུག ཕྱི་ཚེས་ ༢༨ ཉིན་དོན་ཁང་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་བ་ཚོར་གྲོས་ཚོགས་འཐུས་མི་དང་ལྷན་མཇལ་འཕྲད་ཆེད་མཐུན་འགྱུར་གནང་རྒྱུ་ཡིན་འདུག །