༢༠༡༧ ཟླ་ ༣ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༩ ནས་ ༡༣ བར་ཡུ་རོབ་ནང་གི་བོད་དོན་ཞུ་གཏུག་སྐོར་བསྐྱོད་ཀྱི་ལས་གཞི་མཇུག་སྒྲིལ་སྐབས། ཧོལ་ལེན་ཌི་ Holland ནང་དུ་ཕེབས་ནས་ཡུལ་དེའི་རྒྱལ་ས་ཨེམ་སི་ཊེ་ཌམ་ Amsterdam ནང་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི། དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཚོགས་མི་སོགས་དང་མཇལ་འཕྲད་གནང་ནས་བོད་ནང་གི་བོད་མིའི་དཀའ་སྡུག་རྣམས་གསལ་བཤད་ཞིབ་ཕྲ་ཞུས་པ་དང་སྦྲགས། རང་གི་ཞང་པོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་ཁང་དུ་ལྐོག་གསོད་བཏང་བའི་དོན་རྐྱེན་ཐོག་རང་དབང་ཅན་གྱི་རྒྱལ་སྤྱིའི་སྒྲིག་འཛུགས་ནས་དྲང་བདེན་གྱི་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་ཞུས་འདུག
ཕྱོགས་མཚུངས་ཉི་མ་ལྷ་མོ་ལགས་ཀྱིས་ཡུལ་དེའི་གྲོང་ཁྱེར་གྲགས་ཅན་ཧེག་ Hague ནང་ཕེབས་ནས་བོད་མིའི་གསུམ་བཅུའི་དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོའི་ཚུལ་དུ་གཏམ་བཤད་སྤེལ་དོན། རང་དབང་ལུང་པའི་ནང་གནས་སྡོད་བོད་མི་མི་རེ་ངོ་རེར་གཞིས་ལུས་སྤུན་ཟླ་ཕོ་མོ་རྣམས་ཀྱི་མགྲིན་ཚབ་ཡིན་བསམ་པའི་ཐོག་ནས་བོད་དོན་བདེན་མཐའ་མ་གསལ་བར་བོད་ཀྱི་རྩ་དོན་རྩོད་རྒྱུའི་འགན་ཞིག་ཡོད། འགན་དེ་ལྟར་ཡོད་པ་བཞིན་དོན་དངོས་ལག་བསྟར་གནང་རྒྱུ་ཧ་ཅང་གལ་ཆེ། ཞེས་སོགས་ཀྱི་གསུང་བཤད་གནང་།
ཉིན་གསུམ་པའི་སྐབས་ཉི་མ་ལྷ་མོ་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་རྗེས་མང་ཚོགས་རྣམས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཏམ་བཤད་སྤེལ། དེ་རྗེས་དྲན་གསོ། ཞེས་པའི་གློག་བརྙན་བསྟན་འདུག གློག་བརྙན་དེའི་ནང་བོད་མི་རྒན་པ་མི་གྲངས་ ༢༣ རང་གིས་བོད་ནང་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དངོས་སུ་མྱངས་པ་རྣམས་དྲན་གསོ་གནང་བའི་སྐོར་ཡིན་ཞིང་། མཛད་སྒོར་མི་གྲངས་ ༡༥༠ མཉམ་ཞུགས་གནང་འདུག
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཚོགས་མི་ལྕམ་སྐུ་ཡུ་ཝེ་ཏི་ལ་སོན་ Yvette Lawson མཆོག་དང་ལྕམ་སྐུ་ཇེ་ནེ་ཊི་ཝེན་ཌི་ཝུ་ཌི་ Jeanette van de Woude མཆོག་དང་མཇལ་འཕྲད་སྐབས་ཉི་མ་ལྷ་མོ་ལགས་ཀྱིས་རང་གི་ཞང་པོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་དུ་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་མཐར་དོགས་གཞི་ཧ་ཅང་ཆེ་བའི་གནས་སྟངས་འོག་གློ་བུར་དུ་སྐུ་གྲོངས་བའི་གནས་ཚུལ་བྱུང་བ་རྣམས་འགྲེལ་བརྗོད་ཞུས་པ་མ་ཟད། ཁོང་འདས་གྲོངས་སུ་གྱུར་རྗེས་ཁོ་མོ་དང་ཁོ་མོའི་ནང་མི་རྣམས་ལ་རྒྱ་ནག་གཞུང་གིས་བསུན་པོ་ཧ་ཅང་བཟོས་པ་དང་། གཞིས་ལུས་བོད་མི་ཚོས་རྒྱ་ནག་གཞུང་གི་གདུག་བཙུབ་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་ཧ་ཅང་མྱོང་བཞིན་པའི་མཉམ་མྱོང་དེ་དག་འཛམ་གླིང་ཕྱི་ལ་གསལ་བཤད་བྱ་འདོད་ཡོད་ཀྱང་ཁོང་ཚོར་གོ་སྐབས་མ་ཐོབ་པར་གནས་ཡོད་སྐོར་སོགས་ཞུས།
དེ་ཉིན་གྱི་ཕྱེད་ཡོལ་དུ་ཉི་མ་ལྷ་མོ་ལགས་ཀྱིས་ཧོལ་ལེན་ཌིའི་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གི་ལས་བྱེད་རྒན་པ་ལྕམ་སྐུ་ནོ་ཝེན་མཆོག་དང་མཇལ་འཕྲད་གནང་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐོར་དང་ལྷག་པར་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་ཞུས་པ་དང་སྦྲགས། ཧོལ་ལེན་ཌི་སྲིད་གཞུང་ནས་རྒྱ་ནག་གཞུང་ལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་བརྩི་བཀུར་ཞུ་ཆེད་གནོན་ཤུགས་སྤྲོད་རོགས། ཞེས་འབོད་སྐུལ་ཞུས་པ་དང་སྦྲགས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་ཁོང་སྐུ་གྲོངས་རྐྱེན་ངོ་མ་གང་ཡིན་ཐོག་རྒྱལ་སྤྱིའི་རང་དབང་ལྡན་པའི་སྒྲིག་འཛུགས་ཀྱིས་རྟོག་ཞིབ་དགོས་པའི་རེ་འདུན་ཡང་བཏོན་འདུག
སྐབས་དེར་ལྕམ་སྐུ་ནོ་ཝེན་མཆོག་གིས་ཉི་མ་ལྷ་མོ་ལགས་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་ཡི་རང་བསྔགས་བརྗོད་དང་སྦྲགས་གདུང་སེམས་མཉམ་སྐྱེའི་རྣམ་པ་ཤུགས་ཆེ་བསྟན་པ་མ་ཟད། རིན་པོ་ཆེ་དམ་པ་ཁོང་གི་གནད་དོན་དེ་ཕྱི་ལོ་ ༢༠༡༧ ཟླ་ ༤ ནང་ཧོལ་ལེན་ཌི་ཡུལ་དང་རྒྱ་ནག་གཉིས་དབར་གྲོས་མོལ་གནང་སྐབས་གླེང་སློང་གནང་རྒྱུའི་ཁས་ལེན་ཡང་གནང་འདུག
ཐེངས་འདིར་ཉི་མ་ལྷ་མོ་ལགས་ཀྱིས་ཧོལ་ལེན་ཌིར་ཞུ་གཏུག་སོགས་ཀྱི་ལས་འགུལ་ཁག་ཡོངས་སུ་ལེགས་གྲུབ་རྗེས་ཕྱི་ཚེས་ ༡༣ ཉིན་ཇི་ནི་ཝར་ཕྱིར་ལོག་གནང་ཡོད་པ་དང་། ཟླ་འདིའི་ཟླ་མཇུག་ཙམ་ལ་ཉི་མ་ལྷ་མོ་ལགས་རྒྱ་གར་དུ་ཕྱིར་ལོག་གནང་རྒྱུ་ཡིན་འདུག ཐེངས་འདིར་ཉི་མ་ལྷ་མོ་ལགས་ཀྱིས་ཡུ་རོབ་རྒྱལ་ཁབ་ཁག་གཅིག་ནང་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཆེད་སྐོར་བསྐྱོད་ལས་གཞི་འདི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས། སུད་སི་སྐུ་ཚབ་དོན་གཅོད་བཅས་ཡིན་ཞིང་། ཉི་མ་ལྷ་མོ་ལགས་ཀྱི་སྐད་སྒྱུར་གྱི་མཐུན་འགྱུར་གནང་མཁན་སྦར་སེལ་སྐུ་ཚབ་དོན་ཁང་ཡིན་འདུག །