༢༠༡༧ ཟླ་ ༣ ཚེས་ ༡༦ རེས་གཟའ་ཕུར་བུ།
སྔོན་གླེང་།
༄༅། །བོད་གཞུང་དགའ་ལྡན་ཕོ་བྲང་གི་རྩེ་ཡིག་ཚང་གི་ལས་ཁུངས་སུ་ཕྱག་ལས་གནང་མྱོང་མཁན་དང་། བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་དང་ཚོགས་དྲུང་ལས་ཁུངས་གཉིས་ཀྱི་དྲུང་ཆེ་ཟུར་པ་སྣར་སྐྱིད་ངག་དབང་དོན་གྲུབ་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༣ ཉིན་དགུང་གྲངས་ ༨༦ ཐོག་སྙུན་བཞེས་ཕྲན་བུའི་རྐྱེན་པས་ལྡི་ལི་ཧོ་ལི། ཕེ་མཱ་ལི་ (Holy Family) སྨན་ཁང་ནང་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་དང་། ཁོང་ནི་ཕྱི་ལོ་ ༡༩༣༡ ཟླ་ ༩ ཚེས་ ༦ ཉིན་བོད་དབུས་དྭགས་པོར་འཁྲུངས་པ་དང་། ཆུང་དུས་བོད་ཡིག་དང་བོད་ཀྱི་རིག་གནས་ལ་སློབ་སྦྱོང་གནང་ཞིང་། ཕྱི་ལོ་ ༡༩༤༢ ལོར་རྩེ་སློབ་གྲྭར་འཛུལ་ཞུགས་གནང་ཐོག་ཕྱི་ལོ་ ༡༩༤༨ ལོར་རྩེ་དྲུང་སློབ་སྦྱོང་ཐོན། ཕྱི་ལོ་ ༡༩༤༧ ལོར་གཞུང་ཞབས་བསྐོ་སྩལ་གྱིས་ཐོག་མར་རྩེ་ཡིག་ཚང་ལས་ཁུངས་ཀྱི་ལས་བྱ་དང་། དེ་རྗེས་ ༡༩༥༢ ལོར་རྒྱ་སྐད་སློབ་སྦྱོང་ཆེད་རྒྱ་ནག་ཏུ་ཕེབས་ཏེ་པེ་ཅིང་མི་རིགས་སློབ་གྲྭར་ཕེབས། སྐབས་དེར་པེ་ཅིང་མི་རིགས་སློབ་གྲྭར་བོད་ཀྱི་རིག་གནས་དགེ་རྒན་ཡང་གནང་། ཕྱི་ལོ་ ༡༩༥༧ ལོར་བོད་དུ་ཕྱིར་ལོག་གིས་ལེགས་བཅོས་ཚོགས་ཆུང་གི་ཚོགས་མི་གནང་། ཕྱི་ལོ་ ༡༩༥༨ ལོར་ལྷ་སའི་གྲོང་ཁྱེར་སྤྱི་ཁྱབ་གནང་། ཕྱི་ལོ་ ༡༩༥༩ ལོར་བོད་ནང་རྒྱ་དམར་ནས་བཙན་འཛུལ་བྱས་རྗེས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་བཙན་བྱོལ་བོད་གཞུང་གི་ཕྱག་ལས་མུ་མཐུད་གནང་། ཕྱི་ལོ་ ༡༩༦༠ ཟླ་ ༩ ཆེས་ ༢ ནས་ཕྱི་ལོ་ ༡༩༦༢ བར་ཆེས་མཐོའི་རྒྱུན་ལས་ཚོགས་དྲུང་དང་། དྲིལ་བསྒྲགས་ལས་ཁུངས་ཀྱི་དྲུང་ཆེ་གཅིག་ལྕོགས་གནང་། ཕྱི་ལོ་ ༡༩༦༣ ནས་ ༡༩༦༥ བར་རྡ་ས་བོད་ཀྱི་ཤེས་རིག་ཟློས་གར་ཚོགས་པའི་འགན་འཛིན་ལས་རོགས་ཀྱང་གནང་། ཕྱི་ལོ་ ༡༩༧༥ ནས་ ༡༩༧༨ བར་ཉི་འོང་དང་ཨ་རི་སོགས་རྒྱལ་ཁྱབ་ཁ་ཤས་ལ་ཕེབས་ཏེ་ཕྱི་རྒྱལ་མཐོ་སློབ་ཁག་ཁ་ཤས་ནང་བོད་ཡིག་དགེ་རྒན་གནང་། ཕྱི་ལོ་ ༡༩༧༡ ནས་ ༡༩༧༨ བར་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དུ་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༩ ལོར་ཕྱི་རྒྱལ་དུ་ཕེབས་ཏེ་ཨ་རི་མཐོ་སློབ་ཁག་ཁ་ཤས་ནང་བོད་ཡིག་དགེ་རྒན་གནང་། ཕྱི་ལོ་ ༡༩༨༣ ལོར་རྒྱ་གར་དུ་ཕྱིར་ལོག་གནང་ཐོག་སྐུ་སྒེར་ཡིག་ཚང་ནང་ཕྱག་ལས་གནང་བ་དང་། དེ་བཞིན་མཛད་རྣམ་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཡང་གནང་ཡོད། གཞན་ཡང་དམ་པ་ཁོང་ནས་དེབ་རིགས་ཁག་ཅིག་ཀྱང་འབྲི་སྤེལ་གནང་ཡོད། མདོར་ན། དམ་པ་ཁོང་ནི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་རྣམ་དག་གིས་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་བའི་མཛད་རྗེས་ཅན་ཞིག་རེད།
གྲོས་ཆོད།
སྐུ་གཤེགས་དེ་ཉིད་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་ལྟོས་བཅས་རྣམས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༤ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༤ ལ།།