ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༤ དང་ ༡༥ བཅས་ཉིན་གྲངས་གཉིས་རིང་སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་། བོད་ཁྱིམ་སྡོད་ཁང་། ས་གནས་གཞོན་ནུ། སློབ་ཕྲུག་ཚོགས་པ་བཅས་མཐུན་མོང་གི་གོ་སྒྲིག་འོག་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཆེད་མངགས་གདན་ཞུས་ཀྱིས་ནང་ཆོས་ངོ་སྤྲོད་གནང་ཡོད།
དེ་ཡང་ཉིན་གྲངས་གཉིས་རིང་གི་ནང་ཆོས་ངོ་སྤྲོད་སྐབས་ནང་ཆོས་ཀྱི་གཞི་རྩའི་གྲུབ་མཐའ་དང་སྦྱོང་བརྡར་སྐོར་ངོ་སྤྲོད་དང་། མི་ཚེའི་ནང་དཀའ་སྡུག་ལས་མཐར་བར་སེམས་ཀྱི་སྦྱོང་བརྡར། ནང་ཆོས་དང་ཚན་རིག་མཐུན་འབྲེལ་སྐོར། སྒོམ་སྐོར་ངོ་སྤྲོད་དང་སྦྱོང་བརྡར་བཅས་བརྗོད་གཞི་ཁག་བཞིའི་ཐོག་སློབ་ཁྲིད་དང་བསམ་ཚུལ་བརྗེ་ལེན་གྱི་ལས་རིམ་གོ་སྒྲིག་ཞུས་ཡོད། ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་མཐའ་མའི་སྐབས་ཚོགས་བཅར་བ་ཡོངས་ནས་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་འདི་ཉིད་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་བའི་བསམ་ཚུལ་དང་བསྔགས་བརྗོད་གནང་ཡོད་པ་མ་ཟད་མ་འོངས་པར་སླར་ཡང་འདི་ལྟ་བུའི་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་མུ་མཐུད་ཡོང་བའི་འབོད་སྐུལ་དང་བསམ་ཚུལ་བྱུང་ཡོད། སྐབས་དེར་སློབ་ཕྲུག་དང་མི་མང་སོགས་ཁྱོན་མི་གྲངས་ ༡༨༠ ཙམ་ལ་མཉམ་ཞུགས་གནང་ཡོད་པ་བཅས།།