༢༠༡༧ ཟླ་ ༡ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། རྒྱ་རིགས་དང་འབྲེལ་ལམ་ཤུགས་ཆེར་གཏོང་དགོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་ཕྱོགས་སྲིད་བྱུས་ལ་བརྟེན་ནས་རྒྱ་རིགས་ཚོས་བོད་དོན་ལ་དོ་སྣང་བྱེད་ཤུགས་ཇེ་ཆེར་འགྲོ་བཞིན་པ་མ་ཟད། རྒྱ་ཡིག་ནང་བོད་དོན་སྐོར་རྩོམ་ཡིག་སྤེལ་མཁན་དང་། དེབ་འབྲི་མཁན་ཡང་ཇེ་མང་དུ་འགྲོ་བཞིན་པ་ལྟར། རྒྱ་རིགས་རྩོམ་པ་པོ་ལི་ཅང་ལིན་ Jianglin Li གྱིས་བྲིས་པའི་བོད་དོན་སྐོར་གྱི་དེབ་ <<སླར་ཡང་ཕེབས་པའི་སྤྱན་རས་གཟིགས། བོད་གསུམ་པའི་ལོ་རྒྱུས།>> ཞེས་པ་དེ་ཐེ་ཝན་ནང་ཡོད་པའི་ལིང་ཀིང་ Linking པར་སྐྲུན་ཁང་ནས་ཕྱི་ཟླ་ ༢ ཚེས་ ༨ ཉིན་དངོས་སུ་དཔར་སྐྲུན་གྱིས་འགྲེམས་ཚོང་བྱེད་རྒྱུ་གཏན་འཁེལ་ཡོད་པ་རེད།
<<སླར་ཡང་ཕེབས་པའི་སྤྱན་རས་གཟིགས། བོད་གསུམ་པའི་ལོ་རྒྱུས།>> ཞེས་པའི་རྒྱ་ཡིག་གི་དེབ་འདི་ནི་ལི་ཅང་ལིན་གྱིས་བྲིས་པའི་བོད་དོན་སྐོར་གྱི་དེབ་བཞི་པ་དེ་ཡིན་ཞིང་། དེ་ཡང་པར་སྐྲུན་གསལ་བཤད་དང་། སྔོན་གླེང་། (༡)རྡ་རམ་ས་ལར་བསྐྱོད་པ། (༢) རྡོར་ལ་རྡར་ Dhauladhar རི་གཤམ་གྱི་གྲོང་གསེབ་ཆུང་ཆུང་། (༣)ཧི་མཱ་ལ་ཡའི་རི་རྒྱུད་ལྷོ་ཕྱོགས་ཀྱི་གནས་མཆོག བཅས་ཁྱོན་ལེ་ཚན་ཆེ་བ་གསུམ་ལ་དབྱེ་ཡོད་པ་དེ་དག་གི་ནང་དུ། རྒྱ་རིགས་རྩོམ་པ་པོ་ཞིག་གི་མཐོང་ཐོས་མྱོང་གསུམ་གཞི་ལ་བཞག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་བཙན་བྱོལ་བ་རྣམས་ ༡༩༥༩ ལོར་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་མ་ཕེབས་ཀ་མེད་བྱུང་ནས་ད་བར་གྱི་གནས་ཚུལ་ལས་འཕྲོས་ཏེ། བཞུགས་སྒར་རྡ་རམ་ས་ལའི་ཕྱོགས་ཡོངས་ཀྱི་གནས་ཚུལ་དང་། བཞུགས་སྒར་རྡ་རམ་ས་ལ་ནི་བོད་མི་རིགས་ཀྱི་ངོ་བོ་སྟེ། ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་བསྟི་གནས་ཡིན་པའི་སྐོར་ཞིབ་བཀོད་བྱས་འདུག
ལི་ཅང་ལིན་གྱིས་བྲིས་པའི་དེབ་གསུམ་པ། སྡུག་བསྔལ་ཁྲོད་ཀྱི་བོད། Tibet in Agony ཅེས་པ་དེ་ཨིན་ཡིག་ནང་བསྒྱུར་ནས་སྔ་ལོ་ཨ་རིའི་ནང་ཡོད་པའི་ཧར་ཝ་ཌི་ Harvard University གཙུག་ལག་སློབ་ཆེན་གྱི་པར་སྐྲུན་ཁང་ནས་ཨིན་ཡིག་ནང་དཔར་སྐྲུན་བྱས་ཡོད་པ་དང་། ཁོང་གི་དེབ་གཉིས་པ། ལྕགས་བྱི་དགུང་དུ་འཕུར་བ། ཞེས་པ་དང་། དེབ་གསུམ་པ། བོད་དུ་གསང་བའི་འགྲུལ་བཞུད། ཅེས་པ་དེ་གཉིས་རྒྱ་ཡིག་ནས་ཨིན་ཡིག་ཏུ་སྒྱར་བཞིན་ཡོད་འདུག
ལི་ཅང་ལིན་ནི་ཨ་རིར་བཞུགས་མཁན་རྒྱ་རིགས་རྩོམ་པ་པོ་ཞིག་ཡིན་པ་དང་། སྔ་རྗེས་སུ་བཞུགས་སྒར་རྡ་རམ་ས་ལས་གཙོས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བསྐྱོད་ནས་བོད་དང་འབྲེལ་བའི་དངོས་དོན་ཤེས་རྟོགས་དང་། ལོ་རྒྱུས་མི་སྣར་བཅར་འདྲི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུ་མྱོང་ཡོད་པ་མ་ཟད། སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སོགས་བོད་དོན་དང་འབྲེལ་བའི་ཚོགས་འདུ་ཆེ་ཆུང་སྣ་ཚོགས་ལ་ཞུགས་མྱོང་ཡོད་འདུག 《བོད། བདེན་པ་གཞན་ཞིག》ཞེས་པ་དེ་ནི་ཁོང་གིས་བྲིས་པའི་བོད་དོན་སྐོར་གྱི་རྒྱ་ཡིག་དྲྭ་ཚིགས་ཡིན་པ་རེད།
“བོད་གསུམ་པའི་ལོ་རྒྱུས།” ཞེས་པའི་གོ་དོན་ནི། ཕྱི་ལོ་ ༡༩༥༩ ལོའི་གོང་གི་བོད་འདི་རྒྱ་ནག་གཞུང་གིས་འཇིགས་སུ་རུང་བ་ཞིག་ལ་འགྲེལ་བརྗོད་ཀྱིས་[བོད་རྙིང་པ།] ཞེས་བརྗོད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་བཙན་བཟུང་གིས་གསར་བརྗེ་ཟེར་བ་བྱས་པའི་རྗེས་ཀྱི་བོད་ལ་ [བོད་གསར་པ།] ཞེས་བརྗོད་ཀྱི་ཡོད་ཅིང་། རྒྱ་གར་རྡ་རམ་ས་ལ་བརྒྱུད་ནས་འཛམ་གླིང་ཕྱོགས་སུ་བསྐྱོད་པའི་བོད་ལ [བོད་གསུམ་པ།] ཞེས་འགྲེལ་བརྗོད་བྱས་འདུག དེའི་གོ་དོན་གཙོ་བོ་ནི། བོད་མིའི་ངོ་བོ་ངོ་མ་མཚོན་པའི་བོད་ཀྱི་ཆོས་དང་། རིག་གཞུང་སྲུང་སྐྱོབ་བྱེད་ས་གཙོ་བོ་ནི་བཞུགས་སྒར་རྡ་རམ་ས་ལ་ཡིན་པའི་དོན་ཡིན།།