༢༠༡༧ ཟླ་ ༡ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །སྐུ་ཞབས་ཨན་ཊོ་ནིའོ་ཏ་ཇ་ནི་ Antonio Tajani མཆོག་ཉེ་ལམ་ཡུ་རོབ་གྲོས་ཚོགས་ European Parliament ཀྱི་ཚོགས་གཙོ་གསར་པར་འོས་འདེམས་བྱུང་བར་བརྟེན། སྦར་སེལ་ Brussels སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་སྐུ་ཞབས་ཨན་ཊོ་ནིའོ་ཏ་ཇ་ནི་ མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་པའི་ནང་འཁོད་དོན།
སྐུ་ཉིད་མཆོག་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་བར་སྦར་སིལ་སྐུ་ཚབ་དོན་ཁང་ནས་གོ་སྐབས་འདི་བརྒྱུད་སྐུ་ཉིད་མཆོག་ལ་དགའ་བསུ་དང་སྦྲགས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་ནི་ཡུ་རོབ་གྲོས་ཚོགས་དང་ཡུ་རོབ་སྤྱི་མཐུན་ཚོགས་པར་དམིགས་བསལ་འབྲེལ་བ་དམ་ཟབ་ཡོད་པ་དང་། ༸གོང་ས་མཆོག་ལྟ་བུར་མཚོན་ན། ཡུ་རོབ་སྤྱི་མཐུན་ཚོགས་པ་ལྟ་བུ་རྒྱལ་ཁབ་མང་པོ་སྤྱི་པའི་སྒྲིག་འཛུགས་གཅིག་གི་འོག་མཉམ་གནས་བྱ་རྒྱུའི་གཞི་རྩའི་འཆར་སྣང་དེར་རྒྱབ་སྐྱོར་མཛད་མཁན་གཙོ་བོ་ཞིག་ཆགས་ཡོད་པ་མ་ཟད། དེང་སྐབས་རྒྱལ་ཁབ་ཕན་ཚུན་དེ་སྔ་ལས་ལྷག་ཕན་ཚུན་གཅིག་ལ་གཅིག་རྟེན་དགོས་པའི་དངོས་ཡོད་འཛམ་གླིང་གི་གནས་སྟངས་འདིའི་འོག ཡུ་རོབ་སྤྱི་མཐུན་ཚོགས་པ་དཔེ་མཚོན་དུ་འཇོག་གནང་མཛད་ནས་ཡུལ་གྲུ་གཞན་ཚོས་ཀྱང་ཡུ་རོབ་སྤྱི་མཐུན་ཚོགས་པར་མིག་དཔེ་བལྟ་དགོས་པའི་ལམ་སྟོན་ཡང་མཛད་བཞིན་ཡོད།
དེ་བཞིན་ཕྱི་ལོ་ ༡༩༨༨ ཟླ་ ༦ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྱུང་འགྱུར་བོད་མི་རིགས་ཀྱི་གནད་དོན་གསལ་ཆེད། ཕ་རན་སིའི་གྲོང་ཁྱེར་སི་ཌར་སི་སྦག་ Strasbourg ཏུ་ཞི་བའི་དོན་ཚན་ལྔ། ཞེས་པའི་སྲིད་བྱུས་འདོན་གནང་མཛད་པ་ནས་བཟུང་ཡུ་རོབ་གྲོས་ཚོགས་སུ་ཡང་ཡང་ཆིབས་སྒྱུར་མཛད་མྱོང་ཡོད་པ་མ་ཟད། སྔ་ལོའི་ཕྱི་ཟླ་ ༩ ནང་དེ་སྔའི་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་མར་ཀྲིན་ཤུ་ཛི་ Martin Shulz མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སི་ཌར་སི་སྦག་གྲོས་ཚོགས་ནང་དུ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་མ་ཟད། སྐབས་དེར་༸གོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨེལ་མར་བྷུ་རོག་ Elmar Brok མཆོག་དང་མཇལ་འཕྲད་ཡང་མཛད་ཡོད།
ཡུ་རོབ་གྲོས་ཚོགས་ནས་ཀྱང་བོད་དོན་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་འཕྲད་བཞིན་པའི་དཀའ་ངལ་ཐོག་གྲོས་ཆོད་མི་ཉུང་བ་ཞིག་བཞག་གནང་ཡོད། ལྷག་པར་གྲོས་ཆོད་ཐག་ཉེ་ཤོས་དེ་སྔ་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་བོད་དོན་ཐོག་ཛ་དྲག་གི་གྲོས་ཆོད་བཞག་གནང་བ་སོགས་ལ་བརྟེན་བོད་མི་རྣམས་ལ་སྙིང་སྟོབས་ལྷག་པར་སྤེལ་ཡོད་པ་དང་། བོད་མི་རྣམས་ཀྱིས་ཡུ་རོབ་གྲོས་ཚོགས་འདི་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཞིག་དང་། ལྷག་པར་ཉམ་ཐག་མགོན་མེད་རྣམས་ཀྱི་མགོན་སྐྱབས་དམ་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཡུ་རོབ་སྤྱི་མཐུན་ཚོགས་པའི་འཆར་སྣང་རྒྱུན་སྐྱོང་གང་ལེགས་འོག་ད་བར་ཡུ་རོབ་ས་ཁུལ་ཙམ་མ་ཟད། འཛམ་གླིང་ས་ཕྱོགས་གཞན་དུའང་དེ་སྔ་མ་གྲགས་པའི་ཞི་བདེ་བརྟན་ལྷིང་དང་བདེ་འཇག་སོགས་ཧ་ཅང་ལེགས་པོ་བྱུང་ཐུབ་ཡོད་པ་ལྟར་སྐུ་ཉིད་མཆོག་གི་དབུ་ཁྲིད་འོག་ཡུ་རོབ་སྤྱི་མཐུན་ཚོགས་པའི་འཆར་སྣང་དེ་དག་མུ་མཐུད་རྒྱུན་སྐྱོང་གང་ལེགས་ཐུབ་རྒྱུ་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
ཕྱོགས་མཚུངས་སྐུ་ཉིད་མཆོག་གི་ལས་ཡུན་རིང་རྒྱ་ནག་དང་འབྲེལ་བ་གནང་ནས་བོད་ཀྱི་གནད་དོན་གསལ་ཐབས་གནང་རྒྱུ་ཡིན་པ་དང་། ལྷག་པར་གཞིས་ལུས་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ངེས་པར་དུ་གནང་རྒྱུ་ཡིན་པའི་རེ་བ་ཞུ་རྒྱུ་ཡིན། །