༢༠༡༧ ཟླ་ ༡ ཚེས་ ༣༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢༩ རེས་གཟའ་ཉི་མའི་ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་ཐབས་ལ་དམིགས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་བྱུས་སྐོར་ཉིན་གཉིས་རིང་གི་ཚོགས་བསྡུ་དང་ཟབ་སྦྱོང་གཅིག་ལྕོགས་ལེགས་གྲུབ་བྱུང་འདུག
སྐབས་དེར་ཕྱི་དྲིལ་ལས་ཁུངས་དང་སུད་སི་སྐུ་ཚབ་དོན་ཁང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ཡུ་རོབ་ཁུལ་གྱི་བོད་མིའི་སྤྱི་འཐུས་བཅས་བོད་དོན་ལས་འགུལ་དང་འབྲེལ་ཡོད་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་བཅས་ཀྱི་སྐུ་ཚབ་འཐུས་མི་གྲངས་ ༡༤ རྣམས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆབ་སྲིད་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སྤེལ་ཕྱོགས་ཐོག་མཁས་ལས་མི་སྣ་རྣམས་དང་། དེ་བཞིན་བོད་དོན་ཐོག་གི་མཁས་པ་བཅས་དང་ལྷན་གོ་བསྡུར་སྦྱང་བཤད་དང་ཟབ་སྦྱོང་སྐབས་འཆར་ཟླའི་ནང་སུད་སི་གྲོང་ཁྱེར་ཇི་ནི་ཝར་ Geneva འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་འཚོགས་རྒྱུ་ཡིན་སྟབས། སྐབས་དེར་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གསལ་སྟོན་བྱེད་ཕྱོགས་སོགས་ཀྱི་སྐོར་གོ་བསྡུར་སྦྱང་བཤད་གནང་བ་མ་ཟད། རྒྱལ་ཚོགས་ནང་ཞུ་གཏུག་གི་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་ཐད་གོ་བསྡུར་གནང་འདུག
གཞན་ཡང་སྐབས་དེར་དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་ཚོགས་ནང་ཞུ་གཏུག་ལས་འགུལ་ཇི་ལྟར་སྤེལ་ཡོད་མེད་དང་། རྒྱལ་ཚོགས་སུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྒྲིག་གཞི་དང་ཆ་རྐྱེན་ཁག་གཞི་ལ་བཞག་ནས་འབྱུང་འགྱུར་ལོ་ལྔའི་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཆེད་བོད་མིའི་སྒྲིག་འཛུགས་ཀྱིས་ཞུ་གཏུག་རིམ་པ་སྤེལ་རྒྱུའི་འཆར་གཞི་བང་སྒྲིག་སྟངས་ཐད་ལའང་བློ་སྐྱེས་མང་དག་གཅིག་བླངས་ཐུབ་པ་བྱུང་འདུག
ཕྱོགས་མཚུངས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྐོར་གོ་བསྡུར་བྱུང་བའི་གནད་དོན་ཁག་གཅིག་ནི། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་རྣམས་ལ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིས་བྱེད་པ་དང་། ཞིང་གཤེགས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལྟ་བུར་དྲང་བདེན་མིན་པའི་ཁྲིམས་ཆད་ཕོག་པའི་ཆབ་སྲིད་བཙོན་པའི་གནས་སྟངས། དེ་བཞིན་རྒྱ་ནག་གཞུང་གི་བོད་མིའི་སྐད་ཡིག་ཐོག་དམ་བསྒྲགས་བྱེད་བཞིན་པ་སོགས་ཀྱི་སྐོར་གོ་བསྡུར་གནང་འདུག
དེ་ཡང་ཛུ་རིག་ Zurich ནས་ཕེབས་པའི་བོད་མི་དཀོན་མཆོག་ལགས་ཀྱིས། ཟབ་སྦྱོང་འདི་ལྟ་བུ་ཧ་ཅང་ཕན་ཐོགས་དང་གལ་ཆེན་པོ་འདུག ལྷག་པར་ང་ཚོ་ལྟ་བུ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཞིག་ཡིན་པའི་ཆ་ནས་རྒྱལ་ཚོགས་སུ་འགྲོ་བ་མིའི་ཐོབ་ཐང་ཆེད་ཞུ་གཏུག་ཇི་ལྟར་སྤེལ་དགོས་པ་དང་། རྒྱལ་ཚོགས་ཀྱི་སྒྲིག་གཞི་དང་ཆ་རྐྱེན་ཁག་གསལ་རྟོགས་ཐུབ་ནས་ལས་འགུལ་དེ་སྔ་ལས་ནུས་ཤུགས་ཆེ་བ་དང་ཚགས་ཚུད་ལྡན་པའི་ཐོག་ནས་སྤེལ་ཐུབ་རྒྱུར་ཕན་ཐོགས་ཧ་ཅང་བྱུང་། ཞེས་གསུངས།།