༢༠༡༧ ཟླ་ ༡ ཚེས་ ༣༡ རེས་གཟའ་མིག་དམར།
༄༅། །ལྷོ་ཨ་ཕི་རི་ཀའི་ནང་རྟེན་གཞི་བྱས་པའི་རྒྱ་གར་གྱི་ཆེས་མཐོའི་གཞུང་ཚབ་ཁང་གིས་གོ་སྒྲིག་འོག ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢༩ ཉིན་གྲོང་ཁྱེར་ཇོ་ཧ་ན་སི་བྷག་ Johannesburg ལྷོ་ནུབ་ཀྱི་ཉེ་འཁྲིས་སུ་ཆགས་པའི་གྲོང་སྡེའི་ས་ཁུལ་ལེ་ན་ཤི་ཡ་ Lenasia ཞེས་པ་དེར་རྒྱ་གར་གྱི་མེས་པོ་དམ་པ་གཱན་དྷི་ Mahatma Gandhi མཆོག་གི་རྗེས་དྲན་སྐྱེད་མོས་ཚལ་དབུ་འབྱེད་དང་ཆོས་ལུགས་རིས་མེད་ཀྱི་སྨོན་ལམ་འདུ་འཛོམས་ཐོག་གསར་དུ་བསྐོ་གཞག་གནང་བའི་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཆེད་ཕེབས་གནང་འདུག
དེ་ཡང་ཊོལ་སི་ཊོ་ཡི་ཕམ་ Tolstoy Farm ཞེས་པའི་ཚོགས་པ་སྒྲིག་འཛུགས་ཤིག་ཡོད་པ་དེ་ཐོག་མར་མེས་པོ་དམ་པ་གཱན་དྷི་མཆོག་གིས་ཕྱི་ལོ་ ༡༩༡༠ ལོར་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། ས་ཁུལ་དེ་ནས་དམ་པ་ཁོང་གིས་བདེན་པའི་ཨ་ཚུགས། Satyagraha ཞེས་པའི་ལས་འགུལ་སྤེལ་འགོ་བརྩམས་པ་མ་ཟད། ཕྱིས་སུ་ལས་འགུལ་སྤེལ་ཡུལ་གྱི་བསྟི་གནས་ཁང་གཙོ་བོ་ཞིག་ཀྱང་ཆགས་འདུག དེ་ནས་དུས་ཚོད་རིམ་སོང་རྗེས་ཚོགས་པ་སྒྲིག་འཛུགས་དེ་བདག་ཉིད་ཆེན་པོ་གཱན་དྷིའི་གྲོགས་པོ་དང་ཁོང་ལ་རྒྱབ་སྐྱོར་ཞུ་མཁན་སྐུ་ཞབས་ཧར་མན་ཀལ་ལེན་བྷག་ Herman Kallenbach ལགས་ཀྱིས་བདག་གཉེར་གནང་ཡོད་འདུག
ཕྱི་ལོ་ ༡༩༡༤ ལོར་མེས་པོ་དམ་པ་གཱན་དྷི་མཆོག་ལྷོ་ཨ་ཕི་རི་ཀ་ནས་ཕེབས་རྗེས་ཚོགས་པ་སྒྲིག་འཛུགས་དེར་གཟིགས་རྟོགས་གནང་མཁན་རིམ་བཞིན་བྱུང་ཡོད་པ་དང་། བསྟི་གནས་ཁང་དེར་ནང་པ་དང་ཧིན་དུ། ཁ་ཆེ། ཡེ་ཤུ། སིག་སོགས་ཆོས་ལུགས་འདྲ་མིན་གྱི་རྗེས་འབྲང་པ་རྣམས་ལྷན་དུ་འཛོམས་ནས་སྨོན་ལམ་གསུང་འདོན་གནང་སྲོལ་ཡོད་པ་ལྟར། དེ་ཉིན་གྱི་མཛད་སྒོའི་སྐབས་སུའང་ལྷོ་ཨ་ཕི་རི་ཀའི་ནང་བཅའ་བཞུགས་རྒྱ་གར་སྤྱི་ཚོགས་ཁྲོད་ཧ་ཅང་གྲགས་ཆེ་བ་བདག་ཉིད་ཆེན་པོ་གཱན་དྷི་མཆོག་གི་ཡང་ཚ་ལྕམ་སྐུ་ཀིརྟི་མེ་ནོན་ Ms Kirti Menon མཆོག་དང་གཞན་གལ་ཆེའི་མི་སྣ་འགའ་ཤས་ཕེབས་ཡོད་འདུག སྐུ་ཚབ་དོན་གཅོད་ནས་ཐེངས་འདིར་གོ་སྐབས་དམ་འཛིན་ཐོག་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་ཡོད་པ་བཅས།།