༢༠༡༧ ཟླ་ ༡ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ནས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་གིས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་དུས་འཁོར་དབང་ཆེན་དང་བསྟུན་བོད་དོན་དྲིལ་བསྒྲགས་ཀྱི་པར་རིས་འགྲེམས་སྟོན་གོ་སྒྲིག་ཞུས་ཡོད་པ་དེ་དབུ་འབྱེད་གནང་ཡོད། དེ་ཡང་འགྲེམས་སྟོན་དབུ་འབྱེད་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་དང་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་བཅས་ཕེབས་ཡོད། ཐེངས་འདིར་བོད་ཡིག་དང་། ཨིན་ཇི། ཧིན་དྷི་བཅས་སྐད་ཡིག་གསུམ་གྱི་ཐོག་པར་རིས་འགྲེམས་སྟོན་གནང་བཞིན་ཡོད།
དེ་ཡང་ཐེངས་འདིར་༸གོང་ས་མཆོག་གི་༸སྐུའི་མཛད་རྣམ་སྐོར་དང་། ཕ་ཡུལ་ཕྱོགས་ལ་རྒྱང་བལྟ། ཞེས་བོད་ཀྱི་འདས་པའི་ལོ་རྒྱུས་ལ་ཕྱིར་བལྟ་དང་། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བ། བོད་ཀྱི་ཁོར་ཡུག་གཏོར་བཤིག དེང་རབས་བོད་ཀྱི་ལོ་རྒྱུས། དེ་བཞིན་བོད་ནང་བོད་མི་ཚོས་ཅིའི་ཕྱིར་རང་ལུས་མེར་སྲེག་གཏོང་བཞིན་ཡོད། ཅེས་པའི་བརྗོད་གཞི་ཁག་གསུམ་གྱི་ཐོག་པར་རིས་འགྲེམས་སྟོན་གྱི་ལམ་ནས་བོད་དོན་ གོ་རྟོགས་སྤེལ་བཞིན་ཡོད།
གཞན་ཡང་འཛམ་གླིང་ཡུལ་གྲུ་གང་ས་ནས་བཅར་བའི་ཆོས་ཞུ་མང་ཚོགས་ཁྲོད་བོད་དོན་གོ་རྟོགས་དང་དྲིལ་བསྒྲགས་རྒྱ་ཆེ་སྤེལ་ཐབས་སུ། ཕྱི་དྲིལ་ལས་ཁུངས་ནས་པར་སྐྲུན་ཞུས་པའི་བོད་ཡིག་དང་། རྒྱ་ཡིག ཨིན་ཡིག་བཅས་སྐད་རིགས་གསུམ་གྱི་ཐོག་ནས་བོད་དོན་དང་འབྲེལ་བའི་རིན་མེད་དཔེ་དེབ་ཀྱང་འགྲེམས་སྤེལ་ཞུ་མུས་རེད་འདུག
ཕྱོགས་མཚུངས་གོང་ཚེས་ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམ་པ་དང་། དེའི་འོག་གི་ཚོགས་ཆུང་སོ་སོའི་འགན་འཛིན་བཅས་ལྷན་འཛོམས་ཀྱིས་གོ་སྒྲིག་དང་འབྲེལ་བའི་ལས་དོན་ཐོག་བཀའ་བསྡུར་གནང་ཡོད་པ་དང་། སྐབས་དེར་ཚོགས་ཆུང་སོ་སོའི་འགན་འཛིན་རྣམ་པས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ད་བར་གྱི་གྲ་སྒྲིག་ཁག་གི་ལས་བསྡོམས་སྙན་སེང་ཞུས་རྗེས་སྲིད་སྐྱོང་མཆོག་གིས་ལམ་སྟོན་ཡང་ཕེབས་ཡོད།།