༢༠༡༦ ཟླ་ ༡༢ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གཙོ་འགན་བཞེས་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་བཞིན། ཕྱི་ལོ་ ༢༠༡༢ ལོར་བོད་ཀྱི་བཙུན་དགོན་དང་སློབ་གཉེར་ཁང་ནས་གཞུང་ཆེན་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་རྒྱུགས་སྤྲོད་དང་མཚན་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞི་ཞེས་པ་གསར་དུ་གཏན་ལ་ཕབ་ཅིང་། ཕྱི་ལོ་ ༢༠༡༣ ནས་ ༢༠༡༦ བར་རྒྱུགས་སྤྲོད་ཀྱི་ལས་རིམ་རྣམས་ཚགས་ཚུད་བསྐྱངས་འབྲས། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༢ ནས་བཟུང་ཉིན་བཞིའི་རིང་དགེ་བཤེས་མའི་བསླབ་པ་མཐར་སོན་བཙུན་མ་ ༢༠ རྣམས་ཀྱིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་དགེ་བཤེས་མའི་གྲྭ་བསྐོར་དམ་བཅའ་འཇོག་འགོ་ཚུགས་ཡོད། དགེ་བཤེས་དམ་བཅའ་ནི་ལོ་རྒྱུས་ཀྱི་རྒྱུན་དང་ལྡན་པའི་ཕྱག་བཞེས་གལ་ཆེན་ཞིག་ཡིན། སྤྱིར་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༢ ཉིན་འབྲས་སྤུངས་བླ་སྤྱིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དགེ་བཤེས་མའི་མཚན་རྟགས་ཀྱི་ཕྱག་འཁྱེར་གསོལ་སྩལ་མཛད་རྒྱུ་ཡིན།
ཆོས་རིག་ལས་ཁུངས་དང་། དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ལྷན་ཚོགས། དེ་བཞིན་བཙུན་དགོན་བྱང་ཆུབ་ཆོས་གླིང་ནས་ཇི་ལྟར་གསོལ་པ་བཏབ་པ་ལྟར་༸སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་རི་རྫོང་སྲས་སྤྲུལ་རིན་པོ་ཆེ་མཆོག་དམ་བཅའི་ཚོགས་མགོན་དུ་༸ཞབས་སོར་བཀའ་དྲིན་བསྐྱངས་པ་དང་། འདུས་ཚོགས་ནས་སེར་བང་བསྟར་སྒྲིག་ཕེབས་བསུ་ཞུས། ༸སྐྱབས་རྗེ་མཆོག་ནས་རྟེན་གཙོ་སྤྱན་སྔར་སྐུ་ཕྱག་དང་འབྲེལ་བཞུགས་ཁྲིར་འཁོད་རྗེས་འདུས་ཚོགས་རྣམས་འདུ་ཁང་དུ་ཕེབས་འཛོམས་ཐོག དབུ་མཛད་ལགས་ཀྱིས་སྒྲོལ་མ་དང་། ཤེས་རབ་སྙིང་པོ། པཎ་གྲུབ་བསྟོད་ཆེན། གང་བློ་མ་བཅས་གསུང་བསྐུལ་ཞུས། མཁན་ཚབ་དགེ་བཤེས་པ་སངས་འབྲུག་སྒྲ་ལགས་ནས་རྟེན་གསུམ་འདེགས་འབུལ་དང་། དགེ་བཤེས་མ་རྣམས་ཡར་འདུ་ཁང་དུ་ཕེབས། སྐུ་ཕྱག་ཕུལ། བཞུགས་ཁྲི་རིན་པོ་ཆེ་དང་དབུ་བཞུགས་ཀྱི་མཇལ་ཁ་ཞུས། དེ་ནས་མཆོད་བརྗོད་གསུངས། མཐར་གཞུང་ཆེན་བཀའ་པོད་ལྔའི་དམ་བཅའི་ཚིག་རྣམས་རིམ་བཞིན་གསུངས་གྲུབ་མཚམས། ཚད་མའི་དམ་བཅའ་དབུ་ཚུགས། དེ་ལྟར་ཞོགས་པ་ཆུ་ཚོད་ ༨་༣༠ ནས་ ༡༡ བར་ཚད་མ་དང་། ༣་༠༠ ནས་ ༤་༣༠ བར་དབུ་ཕར། དགོང་དྲོ་ཆུ་ཚོད་ ༦་༠༠ ནས་ ༧་༣༠ བར་འདུལ་མཛོད་ཀྱི་དམ་བཅའ་ཚོགས་རྒྱུ། ཉིན་འདིའི་དམ་བཅའ་བ་རྣམས་ནི་བྱང་ཆུབ་ཆོས་གླིང་གི་དགེ་བཤེས་མ་ཕུན་ཚོགས་སྒྲོལ་དཀར་དང་། དགེ་བཤེས་མ་ངག་དབང་ཆོས་སྐྱིད། འཇམ་དབྱངས་ཆོས་གླིང་གི་དགེ་བཤེས་མ་བསྟན་འཛིན་བདེ་ལྡན། སྒྲོལ་མ་གླིང་གི་དགེ་བཤེས་མ་བདེ་ལེགས་སྒྲོལ་མ་དང་། དགེ་བཤེས་མ་བདེ་ལེགས་དཔལ་མོ་བཅས་ཡིན། ཉིན་རེར་དགེ་བཤེས་མ་ལྔ་ཡིས་དམ་བཅའ་འཇོག་གི་ཡོད་པ་བཅས།།