༢༠༡༦ ཟླ་ ༡༢ ཚེས་ ༡༩་རེས་གཟའ་ཟླ་བ།
༄༅། །འདི་གར་སྦར་སེལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༦ ཉིན་སྦར་སེལ་དུ་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་གོ་སྒྲིག་འོག བྱིས་པའི་རིག་རྩལ་དགོང་ཚོགས་དང་ཆབས་ཅིག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༧ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད།
དེ་ཡང་མཛད་སྒོར་བོད་རིགས་མང་ཚོགས་སུམ་བརྒྱ་ལྷག་མཉམ་འཛོམས་བྱུང་འདུག སྐབས་དེར་བྱིས་པ་ཚོས་བོད་ཀྱི་གཞས་སྣ་འཁྲབ་སྟོན་ཙམ་མ་ཟད། སྙན་ངག་གྱེར་དོན་སོགས་འཁྲབ་ཚན་འདྲ་མིན་ནང་ཆ་ཤས་བླངས་འདུག
མཛད་སྒོའི་ཐོག་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་དང་འབྲེལ་བའི་སྐོར་དང་། ༸གོང་ས་མཆོག་གིས་བོད་བསྟན་སྲིད་མི་རིགས་ཆེད་དུ་སྐུ་ངལ་ཇི་འདྲ་མཛད་དང་མཛད་མུས་ཡིན་སྐོར་དང་། ད་དུང་ཕྱི་སྡོད་བོད་མི་ཚོར་བོད་བསྟན་སྲིད་མི་རིགས་ཀྱི་འགན་ཁུར་ཇི་འདྲ་ཡོད་པ་རྣམས་གསལ་བཤད་གནང་འདུག་པ་མ་ཟད། སྐབས་དེར་ཁོང་ནས་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ལས་རིམ་ཁག་དང་། དེ་བཞིན་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ལས་དོན་ལ་བསྔགས་བརྗོད་གནང་བ་དང་སྦྲགས་མ་འོངས་པར་མུ་མཐུད་ལས་དོན་རྒྱུན་སྐྱོང་དགོས་སྐོར་ལམ་སྟོན་གནང་ཡོད།
སྤྱིར་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ནི་ ༢༠༠༨ ལོར་བྷེལ་ཇམ་ཁུལ་སྡོད་བོད་ཀྱི་བྱིས་པ་ཚོར་བོད་ཀྱི་སྐད་ཡིག་གིས་གཙོས་རིག་གནས་སློབ་གཉེར་བྱེད་ས་དང་། ད་བར་གྲོང་ཁྱེར་ཁག་ ༦ ནང་སློབ་གྲྭ་དང་སློབ་མ་ཁྱོན་ ༢༠༠ ལྷག་ཡོད།
གཞན་ཡང་ཕྱི་ཚེས་ ༡༧ ཉིན་མོར་ཨེན་ཝར་ཨེན་ཊི་ཝར་དུ་སྦེལ་ཇམ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་གསར་དུ་འཛུགས་པའི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད། འོས་འདེམས་བྱུང་བའི་ཚོགས་གཙོ་ཆུང་ལགས་ཀྱིས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱབ་ལྗོངས་དང་ས་གནས་སུ་བུད་མེད་ལྷན་ཚོགས་འཛུགས་སྟངས་སྔ་རྗེས་ལས་རིམ་ཁག་ཀྱང་ཞིབ་ཕྲར་ངོ་སྤྲོད་གནང་། དེ་རྗེས་བུད་མེད་རྒྱུན་ལས་ ༡༡ དང་ས་གནས་འཐུས་མི་ ༣ བཅས་པ་ངོ་སྤྲོད་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཁོང་རྣམ་པར་འཚམས་འདྲིའི་མཇལ་དར་སྒྲོན་འབུལ་ཞུས།
སྐབས་དེར་སྐུ་མགྲོན་གཙོ་བོས་བོད་ཀྱི་བུད་མེད་ལྷན་ཚོགས་དང་ཐོག་འཛུགས་སྟངས་དང་། དེའི་ཁྱད་ཆོས་དང་ལས་འགན་བཅས་ངོ་སྤྲོད་གནང་བ་དང་ཆབས་ཅིག ཚོགས་པ་འདི་ལྟ་བུ་མང་གཙོར་བརྟེན་པའི་སྒྲིག་འཛུགས་ཤིག་ཡིན་ཞིང་། སྒྲིག་གཞི་དང་ལག་བསྟར་བྱེད་ཕྱོགས་སྒྲིག་འཛུགས་སྲ་བརྟན་གྱི་དམིགས་ཚད་འཛིན་དགོས་པ་སོགས་ཀྱི་ལམ་སྟོན་གནང་།
ཉིན་རྒྱབ་དགུང་ཚིགས་རྗེས་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ཉེ་ལམ་རང་ལུས་མེར་སྲེགས་གནང་མཁན་བཀྲ་ཤིས་རབ་བརྟན་ལགས་ཀྱི་ཆེད་སྨོན་ལམ་གསོག་སྒྲུབ་གནང་ཡོད་པ་བཅས།།