༢༠༡༦ ཟླ་ ༡༢ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒིག་འོག་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་རྒྱ་ནག་གཞུང་གི་དབང་སྒྱུར་འོག་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་དང་ལོ་རྒྱུས་ཐོག་ནས་བོད་རང་བཙན་གྱི་གནས་བབ་དང་། འབྱུང་འགྱུར་བོད་ཀྱི་གནད་དོན་གསལ་ཆེད་དབུ་མའི་ལམ་གྱི་ཐབས་ལམ་གཞི་རྩར་བཟུང་བའི་སྲིད་བྱུས་རྒྱུན་སྐྱོང་དགོས་པའི་སྐོར་གྱི་དཔེ་དེབ་ཕྱི་དྲིལ་ལས་ཁུངས་ནས་འགྲེམས་སྤེལ་ཞུས་པ་མཚན་བྱང་དུ། བོད་རྒྱ་ནག་གི་ཆ་ཤས་མིན། འོན་ཀྱང་བོད་ཀྱི་གནད་དོན་གསལ་ཐུབ་པའི་ཐབས་ལམ་ཉག་གཅིག་ནི་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཉིད་ཡིན། ཞེས་པ་དབུ་འབྱེད་གནང་།
དེ་རྗེས་མཁས་པའི་བགྲོ་གླེང་ལྷན་ཚོགས་དབུ་འཛུགས་གནང་འདུག དེ་ཡང་ཚོགས་ཐུན་གསུམ་ནས་ཚོགས་ཐུན་དང་པོའི་སྐབས་ལོ་རྒྱུས་སྨྲ་བ་སྐུ་ཞབས་ཀོ་ལོ་ཌི་ཨར་པི་ Claude Arpi ལགས་དང་། རྒྱ་ནག་ཐོག་ཉམས་ཞིབ་དང་བྱུས་འགོད་པ་སྐུ་ཞབས་ཇ་ཡ་དེབ་ར་ན་དེ་ Mr Jayadeva Ranade ལགས་བཅས་བགྲོ་གླེང་གནང་མཁན་ཡིན་པ་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་གཙོ་སྐྱོང་གནང་མཁན་ཡིན་འདུག
སྐབས་དེར་ལོ་རྒྱུས་སྨྲ་བ་སྐུ་ཞབས་ཀོ་ལོ་ཌི་ཨར་པི་ལགས་ཀྱིས་ས་བབ་ཀྱི་གནས་སྟངས་ཐོག་ནས་བོད་འདི་རྒྱ་དཀར་ནག་གཉིས་ཀྱི་བདེ་འཇགས་ལ་ཇི་ཙམ་གལ་གནད་ཆེན་པོ་ཆགས་མིན་དང་། དེ་བཞིན་ཇ་ཡ་དེབ་ར་ན་དེ་ལགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དབང་སྒྱུར་འོག་མཁྲེགས་འཛིན་གྱི་སྲིད་བྱུས་ཤུགས་ཆེ་རུ་འགྲོ་བཞིན་པ་དེས་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་ལ་ཤུགས་རྐྱེན་ཇི་འདྲ་ཐེབས་མིན་སྐོར་བགྲོ་གླེང་གནང་འདུག བགྲོ་གླེང་ལྷན་ཚོགས་སྐབས་ཚོགས་ཁང་རྦད་དེ་ཁེངས་ཡོད་འདུག
དེ་བཞིན་ཚོགས་ཐུན་གཉིས་པའི་སྐབས་ཁོར་ཡུག་ཉམས་ཞིབ་པ་གྲགས་ཅན་སྐུ་ཞབས་བྷྲམཱ་ཅེལ་ལ་ནི་ Prof Brahma Chellaney ལགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཀེ་ཊི་སོན་དར་སི་ Kate Saunders ལགས་གཉིས་ཀྱི་བགྲོ་གླེང་སྐབས་སྐལ་ལྡན་མཚོ་མོ་ལགས་ཀྱིས་ལས་རིམ་གཙོ་སྐྱོང་གནང་འདུག
སྐབས་དེར་གཙུག་ལག་སློབ་དཔོན་སྐུ་ཞབས་བྷྲམཱ་ཅེལ་ལེ་ནི་ལགས་ཀྱིས་གཏེར་དངོས་ཀྱིས་ཕྱུག་པའི་བོད་ཀྱི་རང་བྱུང་ཁོར་ཡུག་སྤྱི་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་ས་དབང་སྒྱུར་བྱས་རྗེས་ལན་གཅིག་ལ་ཨེ་ཤི་ཡའི་གླིང་ཆེན་ནང་གི་རྒྱུག་ཆུའི་ས་ཁྲ་རྩ་བ་ནས་བརྗེ་སྒྱུར་བཏང་བའི་གནས་སྟངས། དེ་བཞིན་བོད་ཀྱི་ཁོར་ཡུག་ཉམས་ཆག་བཏང་བ་དེས་འཛམ་གླིང་ས་ཕྱོགས་གཞན་ལ་རྗེས་འབྲས་ངན་པ་ཇི་ལྟར་ཐེབས་བཞིན་ཡོད་སྐོར་སོགས་གསུངས།
ཕྱོགས་མཚུངས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཀེ་ཊི་སོན་དར་སི་ལགས་ཀྱིས་ད་ལྟའི་བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་སྤྱི་དང་། ལྷག་པར་ཆོས་དད་རང་དབང་གི་གནས་སྟངས། དེང་སྐབས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་ཆོས་སྒར་དུ་གྲྭ་བཙུན་རྣམས་ཀྱི་སྡོད་ཤག་གཏོར་བཤིག་གཏོང་བཞིན་པ་མ་ཟད། གྲྭ་བཙུན་མང་པོ་དགོན་པ་ནས་གནས་དབྱུང་བཏང་བ་བརྒྱུད་ཆོས་སྡེ་ཆེན་པོ་དེའི་ནང་གི་དགེ་བཙུན་གྱི་ཞལ་གྲངས་ལ་ཚད་བཀག་བཟོ་རྒྱུའི་ལས་འགུལ་སྤེལ་མུས་ཡིན་སྐོར་སོགས་གསུངས། མུ་གེའི་སྒང་ཟླ་ལྷག་གི་དཔེ་ལྟར། གསེར་རྟ་བླ་རུང་སྒར་དུ་དགེ་བཙུན་རྣམས་ལ་ཆོས་དད་རང་མོས་ཀྱི་ཐོབ་ཐང་རྩ་བ་ནས་མ་སྤྲད་པའི་ཁར་རྒྱ་ནག་གཞུང་གིས་བདམས་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་རློམ་པ་རྒྱལ་མཚན་ནོར་བུ་ཟེར་བར་བོད་མི་ཚོས་དད་གུས་ཞུ་དགོས་པའི་དངོས་ཤུགས་བརྒྱུད་གསུམ་ནས་ཤུགས་གནོན་སྤྲོད་བཞིན་ཡོད་སྐོར་གསུངས།
ཚོགས་ཐུན་མཐའ་མའི་སྐབས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་གཙུག་ལག་སློབ་དཔོན་སྐུ་ཞབས་ཌིབ་ཡེ་ཤི་ཨ་ནནྡ་ Dibyesh Anand ལགས་གཉིས་ཀྱི་བགྲོ་གླེང་སྐབས་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་ལས་རིམ་གཙོ་སྐྱོང་གནང་འདུག
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་གནད་དོན་གསལ་ཐུབ་པའི་ཐབས་ལམ་འོས་ཤིང་འཚམས་པའི་སྲིད་བྱུས་ནི་གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་འདི་ཉིད་ཡིན་པ་ཙམ་དུ་མ་ཟད། ཐབས་ལམ་དེ་བརྒྱུད་གལ་ཏེ་བོད་ཀྱི་དཀའ་ངལ་སེལ་ཐུབ་ཚེ། ཤུགས་མ་ཐུག་གིས་རྒྱ་གར་གྱི་དཀའ་ངལ་ཡང་སེལ་ཐུབ་རྒྱུ་ཡིན་སྐོར་གསུངས།
སྐུ་ཞབས་ཌིབ་ཡེ་ཤི་ཨ་ནནྡ་ Dibyesh Anand ལགས་ཀྱིས་སྐབས་དེར་སྤྱིར་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གཙོ་བོ་རྒྱ་གར་ཆགས་ཡོད་ཀྱང་ཁོང་སྒེར་གྱི་བསམ་ཚུལ་ལྟར་ན། ད་དུང་ཡང་རྒྱ་གར་གཞུང་གིས་བོད་དོན་ཐོག་རྒྱབ་སྐྱོར་མ་འདང་བའི་ཆ་མང་པོ་ཞིག་གཟིགས་བཞིན་ཡོད་ཚུལ། དེར་བརྟེན་རྒྱ་གར་གཞུང་གིས་བོད་ཐོག་འཛིན་བཞིན་པའི་ཕྱི་འབྲེལ་སྲིད་བྱུས་དེར་བསྐྱར་ཞིབ་གནང་རྒྱུའི་དུས་ལ་བབ་ཚུལ་དང་། རྒྱ་གར་གཞུང་གིས་རྒྱ་ནག་དང་འབྲེལ་བ་གནང་སྐབས་བོད་ཀྱི་འཇམ་པོའི་སྟོབས་ཤུགས་ཇི་ལྟར་བཀོལ་སྤྱོད་གནང་ཐུབ་པའི་སྲིད་བྱུས་སྐོར་སོགས་བགྲོ་གླེང་གནང་འདུག །