༢༠༡༦ ཟླ་ ༡༢ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །འདི་གར་སྦར་སེལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༣ ཉིན་ནེ་དར་ལེན་ཌིར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༢༧ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོ་ཚོགས་ཡོད། དེ་ཡང་ནེ་ཌར་ལེན་བོད་རིགས་ཚོགས་པས་འབོད་སྐུལ་ཞུས་དོན་ལྟར་སྦར་སིལ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་མཐུ་སྟོབས་རྣམ་རྒྱལ་ལགས་དང་རྩིས་པ་བསྟན་འཛིན་རབ་དགའ་ལགས་གཉིས་མཛད་སྒོར་མཉམ་ཞུགས་གནང་ཡོད། མཛད་སྒོའི་ཐོག་དོན་ཁང་གི་དྲུང་ཆེས་སྐུ་ཚབ་དོན་གཅོད་ཀྱི་ཚབ་ཞུས་ཏེ་མང་ཚོགས་ལ་འཚམས་འདྲི་ཞུས་པ་དང་། ཆབས་ཅིག་བོད་མིའི་དཔྱ་དངུལ་ལག་དེབ་གསར་བཟོ་དང་། བསྡུ་ལེན། དེ་མིན་མང་ཚོགས་ཀྱི་དཀའ་ངལ་ཁག་སེལ་ཐབས་ཞུ་རྒྱུའི་སྐོར་སོགས་ཀྱི་གསུང་བཤད་གནང་འདུག
གཞན་ཡང་སྐབས་དེར་དྲུང་ཆེ་དང་རྩིས་པ་གཉིས་ནས་མི་གྲངས་ ༡༩༠ ནས་དཔྱ་དངུལ་ཡུ་རོ་ ༧,༣༡༧།༠༠ བསྡུ་བཞེས་ཐུབ་པ་དང་། དཔྱ་དེབ་གསར་བཟོའི་འགེངས་ཤོག་ཕུལ་ཡང་དཔྱ་དེབ་ལག་སོན་བྱུང་མེད་པའི་དྭོགས་འདྲི་ ༡༧། དེ་བཞིན་དཔྱ་དངུལ་ལག་དེབ་གསར་བཟོའི་འགེངས་ཤོག་གྲངས་ ༡༥ དང་། མིང་སྒྱུར་ ༡ ནོར་བཅོས་ ༡ བཅས་ཀྱི་འགེངས་ཤོག་འགྲེམས་སྤེལ་ཞུས་ཡོད། སྐབས་དེར་ལས་དོན་ཚགས་ཚུད་ཡོང་ཆེད་ནེ་ཌར་ལེན་བོད་རིགས་ཚོགས་པའི་རྒྱུན་ལས་རྣམས་ནས་ཕྱག་རོགས་གང་ལེགས་གནང་ཡོད། མཛད་སྒོའི་ཐོག་མི་མང་ ༢༠༠ ལྷག་འདུ་འཛོམས་ཀྱིས་ཉིན་འཁྱོངས་སྤྲོད་སྐྱིད་དང་རིག་གཞུང་འཁྲབ་སྟོན་སོགས་གནང་སྟེ་དུས་དྲན་དགའ་སྤྲོའི་ངང་སྲུང་བརྩི་ཞུས་ཡོད།