ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་བཞིན་པ་ལྟར་སྐབས་དེར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གཞུང་འབྲེལ་ཕེབས་རྒྱུ་བཞིན། དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་འདི་ཟླའི་ཚེས་ ༣༠ ཉིན་གྱི་ཕྱི་དྲོ་རྡ་ས་ནས་མཁའ་ལམ་བརྒྱུད་ཕེབས་ཐོན་གནང་རྒྱུ་དང་། དེ་ནས་ཕྱི་ཚེས་ ༣༡ ཉིན་སྔ་དྲོ་ལྡི་ལི་ནས་མཁའ་ལམ་བརྒྱུད་ཕེབས་ཐོན་གྱིས་དེ་ཉིན་དགོང་མོ་རྡོ་རྗེ་གདན་དུ་ཕེབས་འབྱོར་གནང་རྒྱུ། དེ་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༥ བར་རྡོ་རྗེ་གདན་དུ་བཞུགས་འཇགས་གནང་རྒྱུ།
དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༧ ཉིན་རྡ་ས་ནས་མཁའ་ལམ་བརྒྱུད་ཕེབས་ཐོན་གནང་རྒྱུ་དང་། དེ་ནས་ཕྱི་ཚེས་ ༨ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ཕེབས་ཐོན་གྱིས་དེ་ཉིན་རྡོ་རྗེ་གདན་དུ་ཕེབས་འབྱོར་གནང་སྟེ་ཕྱི་ཚེས་ ༡༥ བར་རྡོ་རྗེ་གདན་བཞུགས་འཇགས་གནང་རྒྱུ།
ཕྱི་ཆེས་ ༡༦ ཉིན་ཚོགས་གཙོ་སྦྲེལ་པོ་མཆོག་རྡོ་རྗེ་གདན་ནས་མཁའ་ལམ་བརྒྱུད་ཕེབས་ཐོན་གནང་སྟེ་ལྡི་ལིར་དགོང་དྲོ་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༡༧ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ཕེབས་ཐོན་གྱིས་དེ་ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་བཅས་ཀྱི་གནས་ཚུལ་དུ།།