༢༠༡༦ ཟླ་ ༡༢ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༧ རེས་གཟའ་མིག་དམར་ཉིན་རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག ཨིན་ཡུལ་ཝེ་སི་མིན་སི་ཊར་གཙུག་ལག་སློབ་གྲྭའི་ཆབ་སྲིད་དང་རྒྱལ་སྤྱིའི་འབྲེལ་ལམ་ཚན་པའི་འགན་འཛིན་སྐུ་ཞབས་ཌིབ་ཡེ་ཤི་ཨཱ་ནནྡ་ Dibyesh Anand ལགས་དང་། གཙུག་ལག་སློབ་ཁང་དེ་ཉིད་ཀྱི་འབུམ་རམས་པ་ལྕམ་སྐུ་ནི་ཏ་ཤ་ཀོལ་Dr.Nitasha Kaul ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་སོགས་དང་། སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག བོད་དང་རྒྱ་ནག ཧི་མཱ་ལ་ཡ། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་དབུ་འཛུགས་ཀྱི་ཐོག་མར་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ནས་ཕེབས་བསུའི་གསུང་བཤད་གནང་བསྟུན། སྐུ་ཞབས་ཌིབ་ཡེ་ཤི་ཨཱ་ནནྡ་ལགས་ཀྱིས་དབུ་འབྱེད་ཀྱི་གསུང་བཤད་གནང་། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དེ་བཞིན་བཀའ་ཤག་གི་ལྔ་དང་ལྔ་བཅུའི་སྲིད་བྱུས་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན་པ་དང་།
སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚོར་ཉམས་ཞིབ་ལས་དོན་དང་འབྲེལ་བའི་ཤེས་བྱ་གོང་སྤེལ་གཏོང་ཆེད་དུ་མཁས་དབང་ཁག་གཅིག་གདན་ཞུ་གནང་འཆར་ཡོད་སྐོར་དང་། འབྱུང་འགྱུར་བོད་རིགས་ཉམས་ཞིབ་པ་གང་མང་རྒྱལ་སྤྱིའི་སྡིངས་ཆའི་སྟེང་འཐོན་ཐུབ་པའི་རེ་བ་ཡོད་པ་དང་དེའི་ཐད་བཀའ་ཤག་ནས་ལམ་གྲོན་གྱི་མཐུན་འགྱུར་ཡང་གང་ཙམ་སྦྱར་རྒྱུའི་འཆར་གཞི་བང་སྒྲིག་ཡོད་སྐོར་སོགས་གསུངས།
ཚོགས་འདུ་དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་དབྱིན་ཡུལ་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ Westminster མཐོ་སློབ་ཀྱི་མང་གཙོ་ལྟེ་གནས་ཁང་གཉིས་ཟུང་སྦྲེལ་ཐོག་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། ལོན་ཌོན་དུ་རྟེན་གཞི་བྱས་པའི་ཝེ་སི་མིན་སི་ཊར་གཙུག་ལག་སློབ་ཁང་དེའི་སློབ་དཔོན་ Dibyesh Anand དང་འབུམ་རམས་པ་ལྕམ་སྐུ་Dr. Nitasha Kaul རྣམ་གཉིས་ཆེད་ཕེབས་ཀྱིས། རྒྱ་ནག་གི་མི་སེར་སྤེལ་ཡུལ་རིང་ལུགས་དང་དེ་འབྲེལ་བོད་དང་རྒྱ་གར་སོགས་ཀྱིས་གདོང་ལེན་བྱེད་དགོས་པའི་གནད་དོན་ཇི་ཡོད་སྐོར། དེ་བཞིན་འབྲུག་དང་ཧི་མཱ་ལ་ཡ་ཁུལ་གྱི་ས་བབ་གནས་སྟངས་subaltern geopolitics སྐོར་བཅས་ཀྱི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད།
ཕྱོགས་མཚུངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་བསྟན་འཛིན་ཚུལ་ཁྲིམས་ལགས་དང་། འབུམ་རམས་པ་བསྟན་འཛིན་བདེ་གསལ་ལགས། དེ་བཞིན་འབུམ་རམས་པ་རིག་འཛིན་རྡོ་རྗེ་ལགས། ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་དང་ཉམས་ཞིབ་པ་ཤེས་རབ་འོད་གསེར་ལགས་བཅས་ཀྱིས་མཐོ་སྒང་བོད་དུ་དྲག་པོའི་དམག་དཔུང་རྒྱ་སྐྱེད་གཏོང་བཞིན་པ་དང་། ས་ཁྲ་འབྲི་བཀོད་དང་འབྲེལ་མི་སེར་སྤེལ་ཡུལ་རིང་ལུགས་དར་རྗེས་སུ་བོད་ཀྱི་ས་བབ་ཀྱི་གནས་སྟངས། བོད་ཀྱི་ས་ཁུལ་མང་པོ་ཞིག་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུའི་ལས་གཞི། ཡར་ཀླུངས་གཙང་པོ་དང་འབྲེལ་རྒྱ་ནག་གཞུང་གི་དམིགས་ཡུལ། དེ་བཞིན་བོད་ཀྱི་རིག་གཞུང་རྩ་བརླག་ཏུ་གཏོང་རྒྱུའི་སྐོར་བཅས་རང་ཉིད་ཀྱིས་ཉམས་ཞིབ་གནང་བའི་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་ཚོགས་བཅར་བའི་དྲི་བར་ལན་འདེབས་གལས་བཤད་སོགས་གནང་ཡོད་པ་བཅས།།