༢༠༡༦ ཟླ་ ༡༡ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །ཉེ་ལམ་ཁེ་ན་ཌའི་གྲོང་ཁྱེར་ཧེ་ལི་ཕེག་སིའི་ནང་དུ་རྒྱལ་སྤྱིའི་བདེ་འཇགས་ལྷན་ཚོགས། The Halifax International Security Forum ཞེས་པ་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༨ ནས་ ༢༠ བར་འཚོགས་སྐབས་རྒྱལ་སྤྱི་དབུ་ཁྲིད་དང་མཁས་དབང་སོགས་གྲགས་ཅན་མི་སྣ་ཧ་ཅང་མང་པོ་ལྷན་འཛོམས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མཐོ་སྒང་གི་ཁོར་ཡུག་གནས་སྟངས་སྐོར་དང་། དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱུག་ཆུ་ཆེ་ཁག་སྟེང་ཆུ་རགས་གང་བྱུང་བརྒྱབ་པ་དང་། ཤིང་ནགས་གཅོད་བྲེག ཁྲིམས་ལུགས་ལ་བརྩི་མེད་རྡོག་རོལ་བཏང་ནས་གཏེར་ཁ་གང་བྱུང་སྔོག་འདོན་བྱས་དང་བྱེད་བཞིན་པ་བཅས་ལ་བརྟེན་བོད་ཙམ་མ་ཟད། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དང་། ལྷག་པར་གོ་ལ་སྤྱིའི་གནམ་གཤིས་འགྱུར་འགྲོས་སོགས་ལའང་ཤུགས་རྐྱེན་ངན་པ་མངོན་གསལ་ཇེ་ཆེར་འགྲོ་བཞིན་ཡོད་པར་བརྟེན། འཇིག་སླ་བའི་མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སླད་ཆབ་སྲིད་དབུ་ཁྲིད་ཚོས་སྣེ་ཁྲིད་དེ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་པ་བརྒྱུད་བོད་ཀྱི་རང་བྱུང་ཁོར་ཡུག་སོགས་སྲུང་སྐྱོབ་གནང་ཐབས་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་འདུག
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་སྐབས་དེར་བུད་མེད་རྣམས་ལ་སྤྱི་ཚོགས་ནང་འགན་ཁུར་མང་ཙམ་སྤྲད་ནས་བུད་མེད་འགོ་ཁྲིད་ཐུབ་མཁན་གང་མང་ཡོང་ཐབས་གནང་གལ་ཆེ་སྐོར་དང་། གཞན་ཡང་བགྲོ་གླེང་ལས་རིམ་གཞན་ཞིག་ནང་མཉམ་ཞུགས་གནང་སྐབས་སྲིད་སྐྱོང་མཆོག་གིས་དབང་ཆས་མི་འཕྲོ་བརླག་བཏང་སྐོར་སོགས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་།
སྤྱིར་ལྷན་ཚོགས་གོ་སྒྲིག་གནང་མཁན་ཁེ་ན་ཌའི་རྒྱལ་ཡོངས་བདེ་འཇགས་ལས་ཁུངས་ཡིན་འདུག ཐེངས་འདིའི་ལྷན་ཚོགས་སྐབས་ཨིན་ཡུལ་ཕྱི་སྲིད་ལྷན་ཁང་གི་བདེ་སྲུང་དྲུང་ཆེ་སྐུ་ཞབས་མེ་ཁལ་ཕེ་ལོན་ Sir Michael Fallon མཆོག་དང་། ཕ་རན་སིའི་བདེ་སྲུང་བློན་ཆེན་སྐུ་ཞབས་ཇེན་ཡུ་ཝེ་སི་ལེ་ཌི་རེན་ Jean-Yves Le Drian མཆོག ཀོ་རོ་ཤི་ཡའི་སྲིད་འཛིན་ཀོ་ལིན་ཌ་ Kolinda Grabar-Kitarović མཆོག ཨི་སི་ཏོ་ནི་ཡའི་ Estonia བདེ་སྲུང་བློན་ཆེན་སྐུ་ཞབས་ཧན་ནེ་སི་ཧན་སོ་ Hannes Hanso མཆོག་སོགས་མཉམ་ཞུགས་གནང་འདུག གཞན་ཡང་ཨ་རིའི་གྲོས་ཚོགས་ཆབ་སྲིད་ཚོགས་པ་གཉིས་ཀའི་ཐུན་མོང་གི་སྐུ་ཚབ་སྐུ་ཞབས་ཇོན་མེ་ཀེན་ John McCain མཆོག་ཀྱང་ཕེབས་འདུག
སྤྱིར་ཉིན་གསུམ་གྱི་ལྷན་ཚོགས་སྐབས་འཇིགས་སྐུལ་དྲག་སྤྱོད་པ་དང་། ཡུག་རེན་ནང་དམང་གཙོའི་ལམ་ལུགས་ལ་འགོག་རྐྱེན་བཟོ་བ་སོགས་ཡིན་འདུག ལྷན་ཚོགས་སྐབས་སྲིད་སྐྱོང་མཆོག་གིས་ཟུར་དུ་ཨ་རིའི་རྒྱལ་ཡོངས་གསར་འགྱུར་བརྙན་འཕྲིན་ཚན་པ་སི་ཨེན་ཨེན་ CNN གསར་འགོད་པ་ཟུར་པ་ལྕམ་ཇེན་ནི་མེ་སི་རབ་ Ms Jeanne Meserve ལགས་ཀྱི་བཅར་འདྲིར་དང་ལེན་གནང་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་ཆབ་སྲིད་དང་རིག་གཞུང་། ཁོར་ཡུག་སོགས་ཀྱི་གནད་དོན་ཐད་ལན་འདེབས་གནང་འདུག སྤྱིར་ཧེ་ལི་ཕེག་སི་རྒྱལ་སྤྱིའི་བདེ་འཇགས་སྲུང་སྐྱོབ་ལས་ཁུངས་དེ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་འདུག །