༢༠༡༦ ཟླ་ ༡༡ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༩ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག ཚོགས་གཞོན་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག ཚོགས་ཆུང་གི་མགྲིན་ཚབ་པ་དྲུང་འཕར་བསྟན་འཛིན་ལུང་རྟོགས་ལགས། ཚོགས་མི་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས། ཆོས་རིག་ཟུང་དྲུང་ཐུབ་བསྟན་ལགས་སོགས་བཀའ་ཤག་ཏུ་ལྷན་འཛོམས་གནང་སྟེ། དུས་དབང་གོ་སྒྲིག་གི་ལས་གཞི་གནས་སྟངས་གང་འདྲ་འགྲོ་བཞིན་ཡོད་སྐོར་ཚོགས་གཞོན་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་སྲིད་སྐྱོང་མཆོག་ལ་ལས་བསྡོམས་སྙན་སེང་ཞུས་པའི་ནང་དོན་གཙོ་བོ་ནི།
དུས་དབང་སྐབས་ཀྱི་བཞུགས་སའི་ས་གནས་དང་། ཆུ། གསང་སྤྱོད། ཆུ་སྙིགས་འགྲོ་ལམ། དེ་བཞིན་གསུང་ཆོས་རྭ་བའི་ཟུར་དུ་ཆུ་མཛོད་ཆེན་པོ་ཞིག་དང་གཞན་ཡང་ས་གནས་གཞན་དུ་ཆུ་མཛོད་ཆེན་པོ་གསུམ་རྒྱག་མུས་ཀྱི་གནས་སྟངས། རྒྱ་གར་བཟོ་ལས་ཁང་ BUIDCO ནས་གསང་སྤྱོད་བཞི་རྒྱག་རྒྱུའི་གནས་སྟངས། དེ་བཞིན་བྷི་ཧཱར་མངའ་སྡེ་གཞུང་གིས་གཙང་སྦྲའི་ཐོག་འགྲོ་གྲོན་ཧིན་སྒོར་འབུམ་བཞི་བཅུ་ཐམ་པ་བཀའ་འཁྲོལ་གནང་བ་དེའི་ཐོག་ལས་གཞི་ཇི་ལྟར་འགྲོ་བཞིན་ཡོད་མེད་སྐོར། མགྷདཱ་མཐོ་སློབ་ Magadh University ཡོད་སར་གློག་གི་ཨ་མའི་ Transformer ཤུགས་ཚད་ཆེ་རུང་གཏོང་སླད་རྒྱ་གར་གློག་ཤུགས་ལས་ཁུངས་ India Power ནས་ལས་དོན་མཇུག་སྐྱོང་ཇི་ལྟར་གནང་མིན། དེ་བཞིན་མི་མང་བཞུགས་ཡུལ་མགྷདཱ་མཐོ་སློབ་ནས་གསུང་ཆོས་རྭ་བ་བར་གྱི་ས་ཆ་དང་མཆོད་རྟེན་ཡོད་སའི་ས་ཕྱོགས་སུ་འཕྲལ་སེལ་གསང་སྤྱོད་རྒྱབ་རྒྱུའི་སྐོར་དང་། གསུང་ཆོས་རྭ་བའི་གཡས་གཡོན་དུ་བརྙན་པར་ CCTV གྲངས་ ༦༠ འཛུགས་འཆར་དང་། གོད་ཆག་ཉེན་སྲུང་ལྷན་ཁང་ Disaster Management ལ་དབུས་ས་གཉིས་ཀྱི་ཛ་དྲག་ཉེན་སྲུང་དམག་མི་ National Disaster Relief Force & State Disaster Relief Force གྲངས་འོས་མཚམས་ཤིག་གཏོང་ཆེད་རེ་འདུན་བཏོན་པ་ལྟར་གོང་རིམ་ནས་བཀོད་མངགས་ཇི་ལྟར་བཏང་མིན། འགྲིམ་འགྲུལ་ལས་ཁུངས་ལ་གཱ་ཡཱ་གྲོང་ཁྱེར་ནས་རྡོ་རྗེ་གདན་བར་སྣུམ་འཁོར། Ring Bus Service གཱ་ཡཱ་གནམ་ཐང་ནས་རྡོ་རྗེ་གདན་བར་སྣུམ་འཁོར་དྲག་གྲས། Delux bus service དེ་བཞིན་ཆོས་ཞུ་བ་རྣམས་རྡོ་རྗེ་གདན་ནས་ཉེ་འཁོར་གནས་་ཆེན་ཁག་ཏུ་གནས་མཇལ་དུ་ཕེབས་ཆེད་རྒྱལ་ས་པཊ་ནཱ་ Patna ནས་གཱ་ཡཱ་ Gaya གྲོང་ཁྱེར་དང་། རྡོ་རྗེ་གདན་ Bodh Gaya ནས་ཝཱ་རཱ་ན་སི། Varanasi དང་། དེ་བཞིན་རྡོ་རྗེ་གདན་ Bodh Gaya ནས་ན་ལེནྡྲ་ Nalanda དང་། བྱ་རྒོད་ཕུང་པོའི་རིའི་བར་སྣུམ་འཁོར་གོ་སྒྲིག་གནང་རོགས་བཅས་འབྲེལ་ཡོད་རྒྱ་གར་ས་གནས་ལས་ཁུངས་སུ་ཞུ་སྙན་ཕུལ་ཟིན་པ་རྣམས་སྙན་སེང་ཞུས།
དུས་དབང་གོ་སྒྲིག་ཚོགས་ཆུང་ནས་ཆོས་ཞུ་བའི་བཞུགས་གནས་མ་གྷ་དཱ་མཐོ་སློབ་ཡོད་ས་དང་གཅིག དུས་འཁོར་གསུང་ཆོས་གནང་ཡུལ་དང་གཉིས།
ནི་རན་ཇཱ་ན་ Camp དང་གསུམ། དེ་བཞིན་བཀའ་བརྒྱུད་སྨོན་ལམ་ཚུགས་ས་དང་བཞི། བཅས་གོང་བརྗོད་ས་གནས་ཁག་ཏུ་ཆུ་དང་གློག་གི་མཐུན་རྐྱེན་ཆ་ཚང་། སྨན་བཅོས་ཁང་དང་། Medical Camp ནད་པ་འོར་འདྲེན་བྱེད་མཁན་སྣུམ་འཁོར། Ambulance དེ་བཞིན་མེ་སྐྱོན་འགོག་ཆེད་མེ་གསོད་མཁན་གྱི་སྣུམ་འཁོར་རེ། Fire Brigade Vehicle གཞན་ཡང་ས་གནས་སྐོར་སྲུང་ལས་ཁུངས་ Police Post བཅས་ཀྱི་མཐུན་རྐྱེན་བཀའ་ཁྲོལ་ཞུས་ཟིན་སྐོར། ལྷག་པར་ཆོས་ཞུ་བ་རྒས་འཁོགས་རྣམས་ཀྱི་ཆེད་སྣུམ་འཁོར་ཆུང་བ་གྲངས་ ༡༠ མཐུན་རྐྱེན་ཡོང་བའི་རེ་འདུན་ཞུས་པ་ལྟར་ས་གནས་རྫོང་དཔོན་ནས་དེ་ལྟར་འགྲིག་འགྲོ་རྒྱུ་ཡིན་སྐོར་གསུངས་པ་རྣམས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་སྙན་སེང་ཞུས།
གཞན་ཡང་སྐབས་དེར་དུས་དབང་གོ་སྒྲིག་དང་འབྲེལ་འགྲོ་གྲོན་ཕོན་ཆེ་སོང་འཆར་རིགས་ཀྱི་ཁོངས་སུ། གསུང་ཆོས་གནང་ཡུལ་སྡིངས་ཆ། གསུང་ཆོས་ཞུ་མཁན་དད་ལྡན་སེར་སྐྱ་མང་ཚོགས་བཞུགས་ཡུལ་གྱི་གསུང་རྭ། རྒྱང་གྲགས་ཀྱི་ཡོ་ཆས། ཆུ་དང་གསང་སྤྱོད། གློག ཉམ་ཐག་སྣེ་ལེན། མི་མང་ལ་དབུ་གུར་ཆག་ཡངས་བཏང་བ་སོགས་ལ་བརྟེན་ཐེངས་འདིར་དུས་དབང་ཆེད་འགྲོ་གྲོན་རོབ་རྩིས་བྱེད་སྐབས་ཧིན་སྒོར་དུང་ཕྱུར་གཅིག་འགྲོ་འཆར་ཡོད་སྐོར་སྙན་སེང་བཀའ་བསྡུར་གནང་འདུག
དུས་དབང་སྐབས་བཀའ་ཆོས་དང་དབང་བཅས་སྐད་རིགས་མི་འདྲ་བ་ ༡༣ ཐོག་གསུང་སྒྱུར་ཞུ་རྒྱུ་དང་། དེའི་ཐོག་བལ་པོ་དང་ལ་དྭགས། ཧིན་སྐད། མོན་སྐད། འབྲུག་པའི་སྐད་བཅས་ཀྱི་ཐོག་གསུང་སྒྱུར་གནང་ཐུབ་ན་དགེ་ཚན་ཆེ་སྐོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལམ་སྟོན་ལྟར་ཚོགས་ཆུང་ནས་དེའི་སྐོར་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་སྙན་སེང་ཞུ་རྒྱུའི་ཐག་གཅོད་གནང་འདུག ཕྱོགས་མཚུངས་དུས་དབང་སྐབས་གསུང་རྭའི་ནང་བཞུགས་ཡུལ་ས་ཆ་ལོགས་སུ་ཟུར་བཅད་གནང་སྐྱོང་ཡོང་བའི་ཞུ་སྙན་འབུལ་མཁན་ཤེས་རིག་ནས་སློབ་གྲྭའི་དགེ་ལས་ཡོངས་དང་། དེ་བཞིན་མོན་རྟ་དབང་ནས་རྒས་འཁོགས་ ༡༠༠༠ ཙམ། བལ་དོན་ཁང་ནས་བལ་ཡུལ་ཧི་མཱ་ལ་ཡི་རི་རྒྱུད་ནས་ཆོས་ཞུ་བ་གྲངས་ ༡༥༠༠ ནས་ ༢༠༠༠ ཙམ། ལ་དྭགས་ནས་ཀྱང་དེ་བཞིན་ཞུ་སྙན་འབྱོར་བ་བཅས་ལ་ས་ཆ་ཟུར་བཅད་གནང་དགོས་མིན་རྗེས་སུ་བདེ་སྲུང་ལས་ཁུངས་དང་ལྷན་བཀའ་བསྡུར་ཐོག་ཐག་གཅོད་གནང་རྒྱུ་སོགས་ཚོགས་ཆུང་ལྷན་ཚོགས་སྐབས་གོ་བསྡུར་ལྷུག་པོ་བྱུང་འདུག དེ་ཡང་སྤྱིར་དུས་དབང་གོ་སྒྲིག་ཚོགས་ཆུང་ནས་མི་མང་ཆོས་ཞུ་བས་དབུ་གུར་མངགས་སྟངས་ཐད་ས་གནས་འགོ་འཛིན་ལས་ཁུངས་དང་དྲིལ་བསྒྲགས་ལས་ཁུངས་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་བརྒྱུད་ལམ་འདྲ་མིན་ཐོག་གསལ་བསྒྲགས་སྤེལ་ཟིན་འདུག དབུ་གུར་རྒྱག་ས་ནི་དེ་སྔ་ཕྱི་ལོ་ ༢༠༡༢ དུས་དབང་སྐབས་དང་གཅིག་མཚུངས་ལྟར་མ་གྷདཱ་གཙུག་ལག་སློབ་གྲྭར་ Magadh University ཡིན་པ་དང་། མི་མང་དབུ་གུར་ཡོད་ས་ནས་དུས་དབང་གསུང་ཆོས་རྭ་བའི་བར་རྒྱང་ཐག་ཀི་ལོ་མི་ཊར་ ༢ དང་ཕྱེད་ཙམ་ཡོད་འདུག མང་ཚོགས་རྣམས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༠ བར་དབུ་གུར་མངགས་ཟིན་པ་དགོས་པའི་དུས་བཀག་རྒྱས་བཅད་བཟོས་ཟིན་ནའང་། ད་ཆ་དབུ་གུར་མངགས་རྒྱུའི་དུས་ཚོད་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༠ བར་དུས་འགྱངས་གནང་འདུག
འདི་ལོའི་ཕྱི་ཟླ་ ༧ ཟླ་མཇུག་ཏུ་ཆོས་རིག་བཀའ་བློན་མཆོག་དང་དྲུང་ཆེ། དེ་བཞིན་དྲུང་འཕར་བཅས་དུས་དབང་གོ་སྒྲིག་ཆེད་རྡོར་གདན་དུ་དངོས་སུ་ཕེབས་ནས་ས་གནས་རྫོང་དཔོན་དང་མངའ་སྡེའི་བློན་ཆེན་མཆོག་ནས་བཀའ་འཁྲོལ་གང་ཞུ་དགོས་པ་རྣམས་ཞུས་གནང་འདུག སྐབས་དེར་ཚོགས་མི་རྣམ་པས་ས་གནས་རྫོང་དཔོན་ District Magistrate མཆོག་དང་བཀའ་བསྡུར་ལྷུག་པོ་བྱུང་འདུག སྤྱིར་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམ་པས་ཟླ་བ་གཉིས་རེའི་ནང་ཚོགས་འདུ་ཐེངས་གཅིག་ངེས་པར་འཚོགས་བཞིན་ཡོད་པ་མ་ཟད། ཕྱི་ཟླ་ ༡༠ ཚེས་ཤར་སྐབས་འཕྲོད་བསྟེན་བཀའ་བློན་མཆོག་དང་ཆོས་རིག་དྲུང་ཚབ། དེ་བཞིན་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཚབ་སོགས་རྡོ་རྗེ་གདན་དུ་ཕེབས་ནས་བསྐྱར་དུ་ས་གནས་རྫོང་དཔོན་མཇལ་འཕྲད་གནང་ནས་ཆུ་དང་གློག་སོགས་ཀྱི་མཐུན་རྐྱེན་དང་འབྲེལ་བའི་ཞུ་སྒོ་ཁག་བསྐྱར་དུ་ནན་ཞུས་གནང་བ་ལྟར་བཀའ་འཁྲོལ་ཐོབ་ཟིན་འདུག
ཆོས་ཞུ་སའི་ཐང་ཆེན་ཐོག་ཆོས་ཞུ་བ་ཁྲི་དགུ་ཤོང་བའི་ཚོད་དཔག་གནང་བཞིན་འདུག ༸གོང་ས་མཆོག་གི་བཞུགས་ཁྲི་དང་ཐག་རིང་བའི་དད་ལྡན་མང་ཚོགས་རྣམས་ལ་༸གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་ཆ་རྐྱེན་སྐྲུན་ཆེད་བརྙན་འཕྲིན་ LED TV བཞི་འཛུགས་རྒྱུ་དང་། ཆོས་ཞུ་བ་ཁག་གཅིག་མཆོད་རྟེན་གྱི་རྒྱབ་ཏུ་ཇ་ཡ་པྲ་ཀཤ་ Jayaprakash Park ཞེས་པའི་ཐང་དེར་ཆོས་ཞུ་བ་མི་གྲངས་ ༥༠༠༠ ཙམ་ཤོང་ཚད་ཡོད་འདུག་པ་དེར་༸གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་ཆེད་སྡོད་གུར་དང་བརྙན་འཕྲིན་ LED TV ཞིག་འཛུགས་རྒྱུ་དང་། དུས་འཁོར་ཐང་ཆེན་ཉེ་འགྲམ་དུ་ཕྲུ་གུའི་རྩེད་ཐང་ Children Park ཞེས་པ་དེར་ཆོས་ཞུ་བ་གྲངས་ ༡༠༠༠༠ ཤོང་ཚད་ཡོད་པ་དེར་སྡོད་གུར་དང་བརྙན་འཕྲིན་ LED TV ལྔ་ཙམ་འཛུགས་འཆར་ཡོད་འདུག ཕྱོགས་མཚུངས་གསུང་རྭའི་རྒྱབ་ཏུ་སྣུམ་འཁོར་འབབ་ཚུགས་ས་སྟོང་དེར་ཆོས་ཞུ་བ་གྲངས་ ༡༠༠༠ ཙམ་ཤོང་ཚད་འདུག་པ་དེར་ཆོས་ཞུ་བ་རྣམས་ལ་མཐུན་རྐྱེན་སྐྲུན་འཆར་ཡོད་འདུག ལྷག་པར་དུས་འཁོར་ལྷ་ཁང་ཕྲན་བུ་རྒྱ་སྐྱེད་གཏོང་བཞིན་ཡོད་པ་དང་། ལྷ་ཁང་ཉེ་འགྲམ་དུ་མི་མང་བྲེལ་ཟིང་ལ་བརྟེན་ནས་ཐལ་འཚུབ་ལང་པ་དེ་དག་ལྷ་ཁང་ནང་དུ་བ་འགོག་ཆེད་དང་། ཅི་སྟེ་ལྷ་ཁང་ནང་དུད་འཁྲིགས་སོགས་རླུང་འབག་བཙོག་རིགས་བྱུང་ཚེ་སྙིགས་འབུད་རླུང་འཁོར། Exhaust Fan འཛུགས་རྒྱུ་ཡིན་འདུག
དུས་དབང་ཉིན་མཐའ་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བཀའ་དྲིན་གཏང་རག་གི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། དེ་ཡང་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ཡིན་འདུག་པ་དང་། བརྟན་བཞུགས་སྦྱིན་བདག་གཙོ་བོ་བོད་མིའི་སྒྲིག་འཛུགས་ཡིན་ཞིང་། ཕྱོགས་མཚུངས་འགོ་ལོག་རྒྱལ་སྤྱིའི་བོད་རིགས་ཚོང་པའི་ལྷན་ཚོགས་དང་། བལ་ཡུལ་ཧི་མཱ་ལ་ཡི་ཚོགས་སྐྱིད་ཁག་ ༡༩ བཅས་ཡོད་འདུག ཐེངས་འདིར་དུས་དབང་དངོས་གཞི་དབུ་འཛུགས་མ་མཛད་གོང་སྔོན་འགྲོའི་གསུང་ཆོས་དུ་སྤྱོད་འཇུག་དང་སྒོམ་རིམ་བར་པ་གཉིས་ཆོས་འབྲེལ་མཛད་རྒྱུ་ཡིན་འདུག གཞན་ཡང་རིས་མེད་སྨོན་ལམ་དང་སྒྲོལ་དཀར་ཆོ་ག དུས་འཁོར་ཐུན་དྲུག་བླ་མའི་རྣལ་འབྱོར་བཅས་ཀྱི་ཞལ་འདོན་གསུང་འདོན་གནང་རྒྱུ་ཡིན་སྟབས། ཕྱག་དཔེ་དེ་ཁྲོད་སྤྱོད་འཇུག་དང་སྒོམ་རིམ་བར་པ་བཅས་ཁག་གཅིག་བོད་ཡིག་ཙམ་དུ་མ་ཟད། ཨིན་ཧིན་སྐད་ཡིག་གཉིས་ནང་ཕབ་སྒྱུར་ཟིན་རྗེས་འགྲེམས་སྤེལ་ཆེད་ཤེས་རིག་དཔར་ཁང་ནས་ཕྱག་དཔེ་པར་འགྲེམས་དང་པར་འདེབས་ཟིན་རྗེས་ས་གནས་སུ་འོར་འདྲེན་གནང་རྒྱུ་ཡིན་འདུག
གསུང་ཆོས་སྐད་རིགས་མི་འདྲ་བ་ ༡༣ ནང་རླུང་འཕྲིན་ FM Radio ཐད་རྒྱང་སྲིད་གནང་འཆར་ཡོད་པ་མ་ཟད། གསུང་ཆོས་རྭ་བ་ནས་རྒྱང་ཐག་ཀི་ལོ་མི་ཊར་གཅིག་ནང་ཚུད་ལ་གསུང་སྐད་གསན་ཐུབ། དེ་ཡང་གསུང་ཆོས་སྐབས་རྒྱང་གྲགས་དང་གསུང་སྒྲ་གོ་སྒྲིག་གནང་མཁན་གཞུང་ཞབས་འདེམས་ལྷན་གྱི་དྲུང་ཚབ་འཇིགས་མེད་ལགས་ཀྱིས་གསུངས་པ་ལྟར་ན། ཆོས་ཞུ་བ་རྣམས་ཀྱིས་གལ་ཏེ་བོད་སྐད་མ་ཡིན་པའི་སྐད་རིགས་གཞན་བརྒྱུད་ནས་གསུང་ཆོས་གསན་དགོས་ན་ digital FM བསྣམས་ཐུབ་པ་ཡིན་ན་དགེ་མཚན་ཆེ་སྐོར་གསུངས། སྐད་རིགས་དྲུག་ཙམ་ནང་བཀའ་ཆོས་ཐད་སྲིང་གནང་འཆར་ཡོད་འདུག
ཕྱི་ཟླ་ ༡༠ ཚེས་ ༢༤ ཉིན་དུས་དབང་གོ་སྒྲིག་ཆེད་རྡོར་གདན་ས་གནས་རང་དུ་གཏན་འཇགས་ལས་ཁུངས་བཙུགས་ཟིན་སྟབས་ད་སྐབས་དུས་དབང་གོ་སྒྲིག་ཚོགས་ཆུང་གི་མགྲིན་ཚབ་པ་གསར་པ་ཆོས་རིག་ལས་ཁུངས་ཀྱི་དྲུང་ཚབ་བསྟན་འཛིན་ལུང་རྟོགས་ལགས་ས་གནས་སུ་ཕྱག་ལས་གནང་མུས་ཡིན་འདུག
དུས་དབང་སྣེ་ལེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཚོགས་མིའི་ཞལ་པར་ཨང་དང་གློག་འཕྲིན་ཞལ་བྱང་།
ཚོགས་གཙོ།
སྤྱི་ཁྱབ་རྩིས་ཞིབ་དྲུང་ཆེ་ལས་ཚབ་བཀྲ་ཤིས་སྟོབས་རྒྱལ། ༩༨༡༦༡༣༨༡༢༠ [email protected]
ཚོགས་མི།
• སྤྱི་ཁྱབ་རྩིས་ཞིབ་ཟུང་དྲུང་འཕྲིན་ལས་དབང་འདུད། ༩༨༡༦༣༩༤༡༦༧ [email protected]
• བཀའ་ཡིག་དྲུང་ལས་ལྷ་མོ་ཚེ་རིང་། ༩༨༡༦༨༦༥༡༠༨/༩༤༡༨༣༢༤༧༦༢ [email protected]
• ཤེས་རིག་ལས་དོ་ཚེ་ལྷ། ༩༨༨༢༠༣༥༨༦༡ [email protected]
• ཁ་ལོ་བ་ཀརྨ་བསྟན་པ། ༩༨༠༥༠༤༠༣༤༩ [email protected]
དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སོ་བཞི་པའི་གཞུང་འབྲེལ་དྲ་རྒྱ་ www.kalachakra2017.net