༢༠༡༦ ཟླ་ ༡༡ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ The Core Group for Tibetan Cause ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ Shri R K Khrimey མཆོག་གིས་སོག་ཡུལ་གཞུང་མང་གཉིས་ལ་དགའ་བསུའི་འཚམས་འདྲིའི་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན།
ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༧ ནས་ ༢༢ བར་༸གོང་ས་མཆོག་ཉི་ཧོང་ཁུལ་དུ་མཛད་འཕྲིན་ཁག་གཅིག་བསྐྱངས་རྗེས་སོག་ཡུལ་དུ་ཆིབས་སྒྱུར་བསྐྱངས་ཡོད། སྐབས་དེར་སོག་པོའི་གཞུང་མང་གཉིས་ནས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་མ་འཛེམས་པར་རྒྱལ་ས་ཨུ་ལན་བྷ་ཏར་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་༸ཞབས་སོར་འཁོད་མཚམས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་ང་ཚོས་ཤེས་རྟོགས་བྱུང་བར་བརྟེན་སྙིང་ཐག་པ་ནས་དགའ་བསུ་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གི་གདུག་རྩུབ་ཧ་ཅང་ཆེ་བའི་མཆེ་གཙིགས་སྡེར་བགྲད་བྱེད་བཞིན་ཡོད་ཀྱང་སོག་པོའི་གཞུང་མང་གཉིས་ཀྱིས་འཇིགས་ཞུམ་སྤུ་ཙམ་མེད་པར་དགའ་དད་སྤྲོ་གསུམ་སྒོ་ནས་གཞུང་ལམ་ཐོག་མར་ཐོན་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་ཁ་ཞུ་བ་སོགས་མཛའ་བརྩེའི་རྣམ་འགྱུར་བསྟན་པ་བརྒྱུད། ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པའི་སྐབས་ནས་སོག་པོ་དང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དབར་དམིགས་བསལ་གྱི་འབྲེལ་བ་ཡོད་པ་དེ་སྲ་བརྟན་རྒྱུན་སྐྱོང་གནང་ཡོད།
སོག་ཡུལ་ལྟར་རྒྱ་གར་ཨ་རིའི་གཞུང་ཚབ་མཆོག་དེ་སྔ་རྟ་དབང་ཁུལ་དུ་ཕེབས་སྐབས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། འཆར་ལོའི་ཕྱི་ཟླ་ ༣ ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཆིབས་སྒྱུར་བསྐྱང་གཏན་འཁེལ་བ་དེར་ཡང་སྐྱོན་བརྗོད་བྱེད་བཞིན་ཡོད། ང་ཚོས་རྒྱ་ནག་གཞུང་གི་བྱ་སྤྱོད་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང་སྦྲགས། ཨ་རུ་ནཱ་ཅལ་མངའ་སྡེ་ནི་དུས་རྟག་ཏུ་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་ཞིང་། དུས་ནམ་ཡང་རྒྱ་གར་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་སུ་གནས་ངེས་ཡིན་པ་ལས་རྩོད་གཞི་ཅན་གྱི་ས་ཁུལ་ཞིག་དུས་ནམ་ཡང་མིན། རྩོད་གཞི་ཅན་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༡༩༥༠ ནང་ཁྲིམས་འགལ་ཐོག་ནས་བོད་ས་བཙན་འཛུལ་བྱས་པ་དེ་ཡིན། དེར་བརྟེན་བོད་མི་ཚོས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་གདོང་ལེན་བྱེད་བཞིན་པ་དེར་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཞུ་རྒྱུ་དང་བོད་མིའི་གཞི་རྩའི་རང་ཐག་རང་གཅོད་ཀྱི་ཐབ་ཐོང་མགྱོགས་མྱུར་སླར་གསོ་ཡོང་སླད་ང་ཚོས་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཞེས་འཁོད་འདུག