༢༠༡༦ ཟླ་ ༡༡ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢ རེས་གཟའ་ལྷག་པའི་ཉིན་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཡུག་རེན་ Ukraine ཡུལ་དུ་ཐེངས་དང་པོ་ཕེབས་ནས་རྒྱལ་ས་ཀིབ་ Kiev ནང་དུ་མང་ཚོགས་ ༢༠༠ བརྒལ་བར། ༸གོང་ས་ཏཱ་ལའི་བླ་མའི་དེང་དུས་འཛམ་གླིང་ལ་སྨན་པའི་ནང་པའི་ལྟ་གྲུབ་ཀྱི་བསླབ་བྱ། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག སྤྱིར་གསུང་བཤད་གོ་སྒྲིག་གནང་མཁན་ ‘The Dalai Lama – As Long As Space Remains’ ཞེས་༸གོང་ས་མཆོག་གི་སྐུ་ཚེའི་མཛད་རྣམ་དང་འབྲེལ་བའི་སྐོར་བསྐྱོད་པར་རིགས་འགྲེམས་སྟོན་གནང་མཁན་གྱི་ཚོགས་པ་དང་། ཡུག་རེན་ནང་པའི་མཐུན་ཚོགས་བཅས་ཡིན་འདུག དེ་ཡང་རིན་པོ་ཆེ་མཆོག་གིས་སྐབས་དེར་ཐོག་མར་རང་ཉིད་ངོ་སྤྲོད་དང་སྦྲགས། ཡུག་རེན་ནང་ཐེངས་ཐེངས་དང་པོ་ཕེབས་པ་ཞིག་ཡིན་ནའང་རང་བཞིན་གྱི་ཡུག་རེན་མང་ཚོགས་རྣམས་དང་སེམས་ཐག་ཧ་ཅང་ཉེ་བའི་ཚོར་བ་ཤུགས་ཆེན་པོ་བྱུང་ཚུལ་དང་།
ལྷག་པར་རིན་པོ་ཆེ་མཆོག་གིས་རུ་སོག་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེ་དང་བཟོད་བསྲན། ཆོག་ཤེས་སོགས་བཟང་པོའི་རིན་ཐང་དེ་དག་གཞི་རྩར་བཟུང་བའི་ཐུགས་བསྐྱེད་དམ་བཅའ་གསུམ་དང་འབྲེལ་བའི་རླབས་ཆེན་གྱི་མཛད་འཕྲིན་རྣམས་དེང་དུས་འཛམ་གླིང་གི་གནས་སྟངས་ཐོག་ཧ་ཅང་འབྲེལ་བ་ཡོད་པ་ཙམ་དུ་མ་ཟད། ཕན་ཐོགས་རྒྱ་ཆེ་ཡོད་པ་རྣམས་མང་ཚོགས་ཁྲོད་གོ་རྟོགས་རྒྱ་གང་ཆེ་སྤེལ་དགོས་པ་དེ་ནི་རིན་པོ་ཆེའི་ལས་འགན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་སྐོར། ༸གོང་ས་མཆོག་གིས་གཞི་རྩའི་འགྲོ་བ་མིའི་བཟང་པོའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་གནང་མཛད་རྒྱུ། ལྷག་པར་ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་དཀའ་ངལ་དང་རྙོག་གྲ་ཇི་འདྲ་ཞིག་འཕྲད་ཀྱང་ལམ་སེང་སྟོབས་ཤུགས་ཆེ་ཆུང་དང་། བརྒྱ་ཁ་གཅིག་གཅོད་ཐོག་ནས་འགྲོ་རྒྱུ་མིན་པར་རང་གཞན་ཕྱོགས་གཉིས་ལ་སྨན་པའི་གྲོས་མོལ་གྱི་ཐབས་ལམ་ལག་བསྟར་བྱས་པ་བརྒྱུད་མི་མཐུན་པའི་གནས་ཚུལ་རྣམས་སེལ་དགོས་པའི་བཀའ་སློབ་ལམ་སྟོན་གསལ་བཤད་གནང་འདུག གསུང་བཤད་ལེགས་གྲུབ་རྗེས་མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་བ་མ་ཟད།
སྐབས་དེར་མང་ཚོགས་ཁག་གཅིག་གིས་བྱམས་བརྩེ་དང་གཞན་གཅེས་པར་འཛིན་པའི་བློ་མ་དོར་བའི་ཐོག་ནས་དཀའ་ངལ་དང་རྩོད་རྙོག་རྣམས་ལ་གདོང་ལེན་ཇི་ལྟར་བྱེད་ཐུབ་མིན་དང་། ཆགས་སྡང་གི་བློ་འདུལ་ཐབས། དེ་བཞིན་གཞན་ལ་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་སྐྱེ་ཐུབ་པའི་ཐབས་ལམ་སོགས་ཀྱི་སྐོར་དྲིས་པར་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གིས་བོད་མི་ཚོར་རེ་བ་བཟང་ས་ནས་བརྒྱབ་དགོས་པ་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་ལམ་སྟོན་སྩལ་བ་རྣམས་ལུང་འདྲེན་གནང་ནས། མཚན་མོ་གཅིག་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུའི་རེ་བ་བྱས་ན་དངོས་ཡོད་གནས་ཚུལ་དང་མི་འཚམས་པ་ཞིག་ཡིན་པ་དང་།
འོན་ཀྱང་སྔ་ཕྱི་མ་གཏོགས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་ངེས་པ་རེད་བསམས་པའི་རེ་བ་ཞིག་ཐོག་ནས་འགྲོ་རྒྱུ་མ་གཏོགས་དཀའ་ངལ་ཏོག་ཙམ་འཕྲད་མ་ཐག་ལམ་སང་རེ་ཐང་ཆད་པ་ལྟ་བུ་བྱེད་རྒྱུ་མེད་པ་དང་། སྤྱིར་མི་རྣམས་རེ་བའི་ཐོག་ནས་འཚོ་བཞིན་ཡོད་སྐོར་ལན་འདེབས་གསལ་བཤད་ཞིབ་ཕྲ་གནང་བསྟུན་མཐར་གོ་སྒྲིག་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞུས་འདུག སྐུ་པར་འགྲེམས་སྟོན་འདི་ཡུག་རེན་རྒྱལ་ས་ཀིབ་ནང་དུ་ཕྱི་ཟླ་ ༡༡ ཚེས་ ༥ བར་གནང་རྒྱུ་ཡིན་འདུག དེ་རྗེས་ཡུག་རེན་གྱི་མི་འབོར་མང་ཤོས་གསུམ་པར་གྲགས་པ་གྲོང་ཁྱེར་ཨོ་ཌེ་སའི་ Odessa ནང་སྐོར་བསྐྱོད་གནང་རྒྱུ་ཡིན་འདུག་པ་བཅས།།