༢༠༡༦ ཟླ་ ༡༡ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་ནས་དྷ་རམ་ས་ལ་ས་གནས་འཐུས་ཚོགས་སྐབས་ ༩ པའི་འདེམས་ཐོན་ཚོགས་མི་རྣམས་ཀྱི་ལས་འཁུར་དམ་འབུལ་ཡོང་བའི་ཞུ་སྐུལ་འབྱོར་དོན་ལྟར།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ པའི་ནང་གསེས་ ༡ ཆ་རྐྱེན་འོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ལས་རིན་ཆེན་བཟང་མོ་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཟླ་འདིའི་ཚེས་ ༢༡ ཞོགས་པ་ཆུ་ཚོད་ ༡༠ ཐོག་དྷ་ས་ས་གནས་ཁོར་ཡུག་ཚོགས་ཁང་དུ་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ས་གནས་འཐུས་ཚོགས་སྐབས་ ༩ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༡༥ ནས་ཚོགས་མི་ ༡༣ དང་། ཚོགས་གཙོ་ཚོགས་གཞོན་བཅས་ཀྱི་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་ཡོད་པ་དང་།
དྷ་རམ་ས་ལ་ས་འཐུས་སྐབས་ ༩ པའི་ཚོགས་གཙོ་ཚེ་རིང་དབྱངས་འཛོམས་ལགས་དང་། ཚོགས་གཞོན་བློ་བཟང་ཚེ་རིང་ལགས་གཉིས་བདམས་ཐོན་བྱུང་ཡོད་པ་བཅས།།