༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༥ ཉིན་འཇར་མན་གྱི་གྲོང་ཁྱེར་ཕེརངྐ་ཕོཌ་ནང་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ Schwarz-Schilling Foundation ཞེས་པའི་གོ་སྒྲིག་འོག་བཞུགས་མོལ་ལྷན་ཚོགས་ནང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་མཉམ་ཞུགས་གནང་འདུག སྐབས་དེར་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱང་ལྷན་བཅར་ཞུས་འདུག
གཞན་ཡང་དེ་ཉིན་སྲིད་སྐྱོང་མཆོག་གིས་ཁུལ་དེར་བོད་མི་རྣམས་ལ་གསུང་བཤད་གནང་བའི་སྙིང་དོན། ཕྱི་སྡོད་བོད་མི་ཚོས་རང་མི་རིགས་ཀྱི་ངོ་བོ་དང་ལེགས་བྱང་མ་བརླག་པར་མུ་མཐུད་སྲུང་སྐྱོབ་བྱེད་དགོས་གལ་དང་། སྤྱི་ཚོགས་ཡར་རྒྱས་ཡོང་བར་ཤེས་ཡོན་ཇི་ཙམ་དགོས་གལ་ཆེ་སྐོར། ལྷག་པར་ཕྲུ་གུ་ཡོད་པའི་བོད་མི་ཚོས་རང་གི་ཕྲུ་གུར་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་སྤྲོད་རྒྱུའི་གལ་གནད་སྐོར་སློབ་གསོ་སྤྲོད་རྒྱུ་ཙམ་མ་ཟད། གནས་ཡུལ་རྒྱལ་ཁབ་ཀྱི་སྲིད་གཞུང་ནང་གཞུང་ཞབས་བྱས་ནས་མི་རིགས་ཀྱི་རྩ་དོན་རྩོད་ཐུབ་ཐབས་ཆེད་འབད་འབུངས་གནང་གལ་སྐོར་དང་། དེ་བཞིན་བོད་དོན་བདེན་མཐའ་གསལ་ཆེད་བཀའ་ཤག་སྐབས་བཅོ་ལྔས་ལྔ་དང་ལྔ་བཅུའི་ལས་གཞིའི་སྐོར་དང་། བོད་ནང་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་དཀའ་ངལ་སེལ་ཐབས་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་ཞིག་ཡིན་པའི་ཆ་ནས་ལས་འགན་གཙོ་བོ་ཞིག་ཡིན་པར་ངོས་འཛིན་གནང་བཞིན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས། ཕེརངྐ་ཕོཌ་རྟེན་གཞི་བྱས་པའི་བོད་ཁང་དུ་ཕེབས་ཏེ་བོད་ཁང་གི་ལས་བྱེད་དང་ལྷན་ཚོགས་འདུ་ཚོགས་ཡོད་པ་བཅས།།