༢༠༡༦ ཟླ་ ༡༡ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གྷ་ཡའི་རྫོང་དཔོན་མཆོག་དང་མཇལ་འཕྲད་གནང་། དེ་རྗེས་ཆུ་ཚོད་ ༡༠།༣༠ ཐོག་གྷ་ཡ་རྫོང་དཔོན་མཆོག་གིས་བསྐོང་ཚོགས་གནང་བའི་དུས་དབང་གོ་སྒྲིག་གནང་ཕྱོགས་དང་འབྲེལ་བའི་ཚོགས་འདུར་ངོ་བཞུགས་གནང་། ཚོགས་བཅར་བ་རྣམས་ནས་དུས་དབང་གོ་སྒྲིག་དང་འབྲེལ་བའི་ལས་དོན་ཇི་གྲུབ་སྐོར་སྙན་སེང་ཞུས་པ་དང་།
དེ་རྗེས་དུས་དབང་གོ་སྒྲིག་གནང་ཕྱོགས་དང་འབྲེལ་བའི་གནད་དོན་མང་པོར་ཕན་ཚུན་བཀའ་བསྡུར་གནང་། ཆོས་རིག་བཀའ་བློན་མཆོག་གིས་ཚོགས་འདུའི་མཇུག་བསྡོམས་གསུང་བཤད་ཐོག་གྷ་ཡ་རྫོང་ནས་ད་བར་མཐུན་འགྱུར་རོགས་རམ་གང་ལེགས་གནང་བར་ཐུགས་རྗེ་ཆེའི་གསུང་བཤད་གནང་འདུག ཐེངས་འདིའི་ཚོགས་འདུ་ནང་གྷ་ཡ་རྫོང་དཔོན་ D.M དང་། S.S.P/ S.P གྷ་ཡའི་ཆུ་གློག་དང་གཙང་སྦྲ་སོགས་ཀྱི་སྐུ་ཚབ་འཐུས་མི་བཅས་དང་། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་མཆོག་དང་། ཚོགས་གཞོན་འཕྲོད་བསྟེན་བཀའ་བློན་མཆོག ཚོགས་དྲུང་ཆོས་རིག་དྲུང་ཚབ་བསྟན་འཛིན་ལུང་རྟོགས་ལགས་དང་ཚོགས་མི་ Bodh Gaya Temple Management Committee འགན་འཛིན་སྣང་སྲས་རྡོ་རྗེ་ལགས་དང་། ཚོགས་ཆུང་ཁག་གི་འཐུས་མི་སོགས་ཁྱོན་མི་གྲངས་ ༤༠ བརྒལ་བ་ལྷན་ཞུགས་གནང་འདུག
སང་ཉིན་བཀའ་བློན་མཆོག་དུས་དབང་ཚོགས་ཡུལ་གྱི་ཆོས་རྭ་དང་། དབུ་གུར་འཛུགས་ཡུལ་ས་གནས་མ་གྷ་ཏ་མཐོ་སློབ་ཏུ་འཚམས་གཟིགས་གནང་རྒྱུ་ཡིན་འདུག་པ་བཅས།།