༢༠༡༦ ཟླ་ ༡༡ ཚེས་ ༤ རེས་གཟའ་པ་སངས།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ན་མེ་བླ་ཁང་ཚེ་རིང་དོན་གྲུབ་མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༣༡ ཉིན་ཁྲིམས་ཞིབ་པའི་ལས་གནས་ནས་དགོངས་པ་སྔ་སྣུར་ཞུས་པ་བཞིན། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡ ཉིན་གྱི་དགོང་དྲོར། དྷ་སྟེང་བོད་ཀྱི་གསོལ་མགྲོན་ཁང་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁྲིམས་ཞིབ་པ་ཟུར་པ་ཚེ་རིང་དོན་གྲུབ་མཆོག་ལ་གཞུང་འབྲེལ་ཕེབས་སྐྱེལ་གསོལ་སྟོན་འདེགས་འབུལ་ཞུས་ཡོད་པ་དང་། སྐབས་དེར་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་ཚབ་ཆོས་རིག་བཀའ་བློན་དང་། ནང་སྲིད། དཔལ་འབྱོར། ཤེས་རིག བདེ་སྲུང་། འཕྲོད་བསྟེན་བཅས་ཀྱི་བཀའ་བློན་རྣམ་པ་དང་། འདེམས་ལྷན་ཚོགས་གཙོ་དང་འོས་བསྡུའི་འགན་འཛིན་གཅིག་ལྕོགས། རྩིས་ཞིབ་སྤྱི་ཁྱབ་འགན་འཛིན། ཁྲིམས་ཞིབ་ཁང་གི་ལས་བྱེད་བཅས་མཉམ་ཞུགས་གནང་ཡོད།
ཕེབས་སྟོན་མཛད་སྒོའི་ཐོག་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་ནས་ཁྲིམས་ཞིབ་པ་ཟུར་པ་ན་མེ་བླ་ཁང་ཚེ་རིང་དོན་གྲུབ་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཕྱག་ལས་ཧུར་བསྐྱེད་གནང་བའི་མཛད་རྗེས་སྙིང་བསྡུས་ངོ་སྤྲོད་དང་སྦྲགས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འགོ་ལས་ཚང་མའི་ཚབ་ཞུས་ཏེ་ཕྱག་རྟགས་དང་རྟེན་འབྱུང་མཇལ་དར་བསྒྲོན་འབུལ་གནང་ཡོད་པ་དང་། ཁྲིམས་ཞིབ་པ་ཟུར་པ་ཚེ་རིང་དོན་གྲུབ་མཆོག་ནས་ཁོང་གི་སྐུ་ཚེའི་ལོ་རྒྱུས་དང་ཉམས་མྱོང་སྙིང་བསྡུས་ངོ་སྤྲོད་གནང་ཡོད་པ་བཅས།།