ཟླ་ ༡༡ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༢ རེས་གཟའ་སྤེན་པའི་ཉིན་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་དྲུང་ཆེ་དོན་གྲུབ་རྡོ་རྗེ་ལགས་ཀྱི་ཚབ་ཏུ་སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་དྲུང་ཆེ་གསར་པར་བསྐོ་གཞག་གནང་འདུག ཀརྨ་ཆུང་བདག་ལགས་ནི། ཌལ་ཧོར་གཏན་སློབ་གྱི་སློབ་ཟུར་ཡིན་པ་དང་། ཁོང་གིས་གཞི་རིམ་འོག་མ་འཛིན་རིམ་ལྔ་པ་བར་པ་ཀུལ་བོད་ཁྱིམ་དུ་སློབ་སྦྱོང་གནང་། གཞི་རིམ་བར་མ་དང་གོང་མའི་སློབ་སྦྱོང་ཌལ་ཧོར་གཏན་སློབ་དུ་གནང་རྗེས་ཕྱི་ལོ་ ༡༩༨༡ ལོར་ཌལ་ཧོར་གཏན་སློབ་ནས་འཛིན་རིམ་བཅུ་གཉིས་ཐོན་རྗེས། ཕྱི་ལོ་ ༡༩༨༡ ནས་ ༡༩༨༧ བར་པན་ཇབ་གཙུག་ལག་སློབ་ཁང་ནས་ཆེད་ལས་དགེ་རྒན་འོས་སྦྱོང་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པ་ཐོན།
ཕྱི་ལོ་ ༡༩༨༧ ནས་སློབ་གྲྭ་ཁག་འདྲ་མིན་ནང་ལོ་ངོ་བཅུའི་རིང་སློབ་དགེ་གནང་ཡོད་པ་མ་ཟད། ཕྱི་ལོ་ ༡༩༩༧ ཟླ་ ༤ ཚེས་ ༤ ཉིན་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་དང་དྲུང་གཞོན་གཅིག་ལྕོགས་ཀྱི་གནས་རིམ་ཐོག་བསྐོ་གཞག་གནང་།
ཕྱི་ལོ་ ༡༩༩༩ ཟླ་ ༦ ཚེས ༡༦ ཉིན་སཾ་བྷོ་ཊའི་བོད་སློབ་ཚོགས་པ་ཐོག་མར་དབུ་བརྙེས་པ་ནས་བཟུང་ཁོང་དེའི་སྤྱི་ཁྱབ་འགན་འཛིན་གྱི་ལས་གནས་ཐོག་བསྐོ་གཞག་གིས་ད་བར་ཞབས་ཞུ་བསྒྲུབས་ཡོད། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༢ ཉིན་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་དྲུང་ཆེ་དོན་གྲུབ་རྡོ་རྗེ་ལགས་ཀྱི་ཚབ་ཏུ་ཁོང་བསྐོ་གཞག་གནང་ཡོད། ཀརྨ་ཆུང་བདག་ལགས་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་དྲུང་ཆེ་ཐེངས་བཅོ་ལྔ་པ་དེ་ཆགས་ཡོད། །