༢༠༡༦ ཟླ་ ༡༠ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༠ རེས་གཟའ་ཟླ་བའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བལ་ཡུལ་རྣམ་རྒྱལ་སློབ་གྲྭའི་སློབ་མ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་ཤེས་ཡོན་ཐོག་དམིགས་བསལ་འབད་བརྩོན་གནང་བཞིན་ཡོད་སྐོར་དང་། ལྷག་པར་དེང་རབས་བོད་ཕྲུག་ཚོས་གནའ་དེང་ཟུང་འབྲེལ་ཐོག་ནས་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་གལ་ཆེ་ཡིན་སྐོར། འཛིན་སྐྱོང་བཀའ་ཤག་ངོས་ནས་ཤེས་ཡོན་གལ་ཆེ་ཤོས་སུ་འཛིན་རྒྱུའི་སྲིད་བྱུས་རྒྱུན་སྐྱོང་གནང་བཞིན་ཡོད་སྟབས། སློབ་ཡོན་སྔར་ལས་ཇེ་མང་དུ་བཏང་བ་དང་། ཤེས་ཡོན་རྩེ་ཕུད་ཀྱི་གྲུབ་འབྲས་ལ་གཟེངས་བསྟོད་བྱ་དགའ་གསོལ་རས་གནང་རྒྱུས་མཚོན་ལས་དོན་སྣ་མང་ཐོག་ནས་སྲིད་སྐྱོང་གི་བོད་མིའི་ཤེས་ཡོན་གྲུབ་འབྲས་ལ་འཛིན་པའི་འཆར་སྣང་མངོན་གྱུར་ཡོང་སླད་ལས་འགུལ་འདྲ་མིན་སྤེལ་མུས་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་མ་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག
སྤྱིར་ཐེངས་འདིར་བལ་ཡུལ་རྣམ་རྒྱལ་སློབ་གྲྭའི་སློབ་མ་རྣམས་ཀྱི་ཤེས་ཡོན་སྐོར་བསྐྱོད་ཀྱི་ལས་གཞིར་དམ་འཛིན་གནང་ནས་བོད་མིའི་སྒྲིག་འཛུགས་དང་། རྡ་ས་ཁུལ་གྱི་གཞུང་དང་གཞུང་འབྲེལ་མིན་པའི་ཆབ་སྲིད་ཚོགས་པ་སོགས་བསྟི་གནས་ཁང་འདྲ་མིན་ཡོད་པ་རྣམས་ལ་ལྟ་སྐོར་བསྐྱོད་བཞིན་ཡོད་འདུག་ཅིང་སློབ་མ་གྲངས་ ༣༠ དང་དགེ་རྒན་གཉིས་ཡོད་འདུག །