༢༠༡༦ ཟླ་ ༡༠ ཚེས་ ༧ རེས་གཟའ་པ་སངས།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཆོས་བརྒྱུད་དབུ་འཁྲིད་བླ་ཆེན་རྣམ་པར་འཚམས་འདྲི་མཇལ་ཕྱག་ཞུ་བཞིན་པའི་མཛད་འཆར་འཕྲོས། སེར་བྱེས་སུ་དགེ་ལྡན་བསྟན་པའི་གསལ་བྱེད་སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་ལ་མཇལ་ཕྱག་ཞུ་རྒྱུས་མཚོན། སྦེལ་ཀོབ་དང་། ཧོན་སུར། ཀོ་ལེ་གྷལ་བཅས་སུ་ཡོད་པའི་རིས་མེད་ཆོས་སྡེ་ཁག་ལ་འཚམས་གཟིགས་དང་འབྲེལ། སེར་བྱེས་མཁས་སྙན་གྲྭ་ཚང་དང་དྷཱར་ཝཱཌ་ཀཱར་ཎཱཊྐཱ་མཐོ་རིམ་སློབ་གྲྭ་གཉིས་ནས་གདན་ཞུས་ལྟར་ཕྱི་ཟླ་ ༡༠ ཚེས་ ༤ ཉིན་དྷཱར་ཝཱཌ་ཀཱར་ཎཱཊྐཱ་མཐོ་རིམ་སློབ་གྲྭར་འཚོགས་པའི་ཌོག་ཊཱར་ཨམ་བྷེཌ་ཀཱར་བགྲོ་གླེང་ལྷན་ཚོགས་སུ་ཕེབས་བཅར་གྱིས་བརྗོད་གཞི་དང་འབྲེལ་བའི་གསུང་བཤད་གནང་ཡོད།
ལྷན་ཚོགས་འདི་ནི་སེར་བྱེས་མཁས་སྙན་གྲྭ་ཚང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་གཞིར་བཟུང་མཐོ་རིམ་དང་འབྲེལ་ལམ་གསར་འཛུགས་ཀྱིས་ནང་དོན་རིག་པ་སོགས་ཤེས་ཡོན་གོ་རྟོགས་སྤེལ་རེས་ཀྱི་ལས་རིམ་ཞིག་ཡིན། དྷར་ཝཱཌ་ཀྱི་ལས་རིམ་ལེགས་པར་གྲུབ་མཚམས། དཔལ་ལྡན་བཀའ་བློན་མཆོག་སྦེལ་ཀོབ་ཕྱོགས་སུ་ཕེབས་ཐོན་གནང་ཞིང་། དེ་རིང་ཞོགས་པར་བྱང་རྩེ་ཆོས་རྗེ་རིན་པོ་ཆེར་མཇལ་ཕྱག་ཞུས་རྗེས་སེ་ར་བྱེས་སྨད་གཉིས་དང་ཐེག་མཆོག་རྣམ་གྲོལ་གླིང་གིས་མཚོན་དགོན་སྡེ་ཁག་ལ་འཚམས་གཟིགས་གནང་ཡོད། དེ་རྗེས་ཧོན་སུར་དང་ཀོ་ལེ་གྷལ་དུའང་ཕེབས་ཏེ་དགོན་སྡེ་ཁག་དང་གཞིས་ཆགས་ཀྱི་གནས་སྟངས་ལ་གཟིགས་ཞིབ་དང་འབྲེལ་ཕྱི་ཚེས་ ༡༤ ཉིན་ཕྱིར་བཞུགས་སྒར་དུ་ཕེབས་འབྱོར་གནང་རྒྱུ་ཡིན་འདུག །