༢༠༡༦ ཟླ་ ༡༠ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ཀེ་རི་ John Kerry མཆོག་གིས་ཨ་རིའི་གྲོས་ཚོགས་སུ་བོད་རྒྱ་འབྲེལ་མོལ་ཐོག་ལོ་འཁོར་སྙན་ཐོ་ཐེངས་ ༡༤ སྙན་སྒྲོན་ཞུས་འདུག དེ་ཡང་ལོ་འཁོར་སྙན་ཐོ་འདི་ནི་གཙོ་བོ་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ནང་གཏན་འབེབས་གནང་བའི་བོད་མིའི་སྲིད་བྱུས་དང་འབྲེལ་བའི་ཁྲིམས་ཡིག་ཕྱི་ལོ་ ༢༠༠༢ Tibetan Policy Act of 2002 ཞེས་པ་དེའི་ཆ་རྐྱེན་འོག་བཏོན་པ་ཞིག་ཡིན་འདུག
ཐེངས་འདིའི་སྙན་ཐོའི་མཚན་བྱང་དུ། བོད་ཀྱི་འབྲེལ་མོལ་སྐོར་གྱི་སྙན་ཐོ། ཞེས་པའི་ནང་དོན་གཙོ་བོ་ནི་རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པར་༸གོང་ས་ཏཱ་ལའི་བླ་མའམ་ཁོང་གི་སྐུ་ཚབ་དང་ལྷན་དོན་སྙིང་ལྡན་པའི་འབྲེལ་མོལ་བསྐྱར་མཐུད་གནང་ཐུབ་པ་བྱ་རྒྱུ་ནི་ཨ་རིའི་གཞུང་གིས་ཡུན་རིང་ནས་འཛིན་བཞིན་པའི་ཕྱི་འབྲེལ་སྲིད་བྱུས་ཀྱི་དམིགས་ཡུལ་གལ་འགངས་ཆེ་བ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་དང་༸གོང་ས་ཏཱ་ལའི་བླ་མཆོག་གི་སྐུ་ཚབ་དབར་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡ ནང་འབྲེལ་མོལ་ཐེངས་དགུ་པ་གནང་བ་ནས་བཟུང་ད་བར་འབྲེལ་མོལ་བར་མཚམས་ཆད་ནས་ལུས་ཡོད་པ་མ་ཟད།
ལྷག་པར་རྒྱ་ནག་གཞུང་གིས་འབྲེལ་མོལ་བསྐྱར་མཐུད་ཡོང་སླད་རྒྱུ་མཚན་དང་མི་མཐུན་ཞིང་སྒྲུབ་ཐབས་བྲལ་བའི་ཆ་རྐྱེན་ནན་གྱིས་བཏོན་པ་དེར་ཨ་རིའི་གཞུང་ལ་བློ་འཚབ་ཧ་ཅང་ཡོང་བཞིན་ཡོད་པ་དང་། ཨ་རིའི་གཞུང་ནས་རྒྱ་ནག་གཞུང་གི་ལངས་ཕྱོགས་དེ་ནི་ཕན་ཐོགས་མེད་པ་ཙམ་མ་ཟད། ཨ་རི་དང་རྒྱལ་སྤྱིའི་དམིགས་ཡུལ་ལས་ཡོངས་སུ་རྒྱབ་འགལ་ཞིག་ཀྱང་ཆགས་ཡོད་སྐོར། དེ་བཞིན་ཨ་རིའི་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རྒྱ་འབྲེལ་མོལ་ཡོང་རྒྱུར་རྒྱབ་སྐྱོར་ཞུ་བཞིན་ཡོད་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་བཞེད་ལ་བོད་མི་བརྒྱ་ཆ་ཧ་ཅང་ཚད་མཐོན་པོས་གུས་བརྩི་དང་མོས་མཐུན་ཞུ་བཞིན་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་མུ་མཐུད་འཚེ་མེད་ཞི་བའི་ཐབས་ལམ་ལ་རྒྱབ་སྐྱོར་མཛད་བཞིན་པ་དེ་ནི་བོད་མིའི་དཀའ་ངལ་སེལ་རྒྱུའི་ཕུགས་བརྟན་འཕེར་བའི་ཐབས་ལམ་ཞིག་ཡིན།
༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཁོང་གི་སྐུ་ཚབ་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་ཡོང་སླད་རྒྱ་ནག་གཞུང་ལ་མཐུན་རྐྱེན་ཞིག་ཡིན་པར་ཨ་རིའི་གཞུང་གིས་ཡིད་ཆེས་ཞུ་བཞིན་ཡོད། གལ་ཏེ་རྒྱ་ནག་གཞུང་གིས་བོད་ནང་གི་དཀའ་ངལ་དེ་དག་སེལ་མ་ཐུབ་པར་ལུས་པ་ཡིན་ན་རྒྱ་ནག་རང་ཉིད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་སྟངས་ཐོག་འགོག་རྐྱེན་ཆེན་པོ་ཞིག་ཆགས་ངེས་ཡིན་པ་ཙམ་དུ་མ་ཟད། ཨ་རི་དང་ལྷན་ཆབ་སྲིད་དང་དཔལ་འབྱོར་གྱི་འབྲེལ་ལམ་ཆ་ལག་ཚང་ཞིང་དོན་སྙིང་ལྡན་པ་ཞིག་ཡོང་རྒྱུར་འགོག་རྐྱེན་བཟོ་ངེས་ཡིན། ཞེས་སོགས་འཁོད་པ་ཙམ་དུ་མ་ཟད། མགོན་པོ་གང་ཉིད་མཆོག་གི་སྐུའི་ཡང་སྲིད་སྐོར་འཁོད་དོན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཐག་གཅོད་གནང་རྒྱུའི་ཐོབ་ཐང་ཐད་ང་ཚོས་ཡིད་ཆེས་བྱེད་བཞིན་པ་ནི། འཇིག་རྟེན་སྤྱི་ཡོངས་ཀྱིས་ངོས་ལེན་བྱེད་བཞིན་པའི་གཞི་རྩའི་ཆོས་དད་རང་དབང་གི་གནས་སྟངས་འོག་ནས་ཐོབ་ཐང་དེ་ད་ལྟ་སྐུ་འཚོ་བཞུགས་མཛད་བཞིན་པའི་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཁག དེ་བཞིན་བོད་མི་བཅས་ལ་ཡོད་དགོས།
གལ་ཏེ་བོད་མིའི་དཀའ་ངལ་མ་སེལ་གོང་ནས་༸གོངས་ཏཱ་ལའི་བླ་མ་མཆོག་བཙན་བྱོལ་དུ་དགོངས་པ་རྫོགས་པ་ཡིན་ན། རྒྱ་ནག་ནང་དུ་ཟིང་ཆ་ཆེ་རུ་འགྲོ་རྒྱུ་ཡིན་སྟབས། ང་ཚོས་རྒྱ་ནག་གཞུང་གིས་ད་ལྟ་༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུའི་འཕྲོད་བཞེས་གང་ལེགས་ངང་འཚོ་བཞུགས་སྐབས་འདིར་འབྲེལ་མོལ་བསྐྱར་མཐུད་བྱས་པ་བརྒྱུད་རྒྱལ་ནང་དུ་བརྟན་ལྷིང་སྲུང་སྐྱོབ་ཀྱི་སྲིད་བྱུས་ལག་བསྟར་བྱ་རྒྱུར་སེམས་འགུལ་གཏོང་བཞིན་ཡོད། ཅེས་སོགས་འཁོད་ཡོད།།