༢༠༡༦ ཟླ་ ༡༠ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྐུ་ཞབས་ཨེན་ཊོ་ནིའོ་གུ་ཆེ་ར་སི་ Mr Antonio Guterres མཆོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་བསྐོ་གཞག་གནང་བར་འཚམས་འཕྲིན་ཕུལ་བའི་ནང་འཁོད་དོན།
ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་སྐུ་ཉིད་མཆོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་བསྐོ་གཞག་གནང་བར་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན། འབྱུང་འགྱུར་འཛམ་གླིང་གི་གནས་སྟངས་ཇེ་བཟང་དུ་གཏོང་ཆེད་སྒྲིག་འཛུགས་འདིས་སྣེ་ཁྲིད་དེ་ཞི་བདེ་དང་འཆམ་མཐུན་གོང་མཐོར་གཏོང་བཞིན་ཡོད། རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་བསྐོ་གཞག་གནང་བར་བརྟེན་ཐུགས་འགན་ཧ་ཅང་ཆེ་བ་མ་ཟད། ལྷག་པར་དེང་འཛམ་གླིང་ནང་གི་དཀའ་རྙོག་ལ་གདོང་ལེན་གནང་དགོས་སྟབས་སྐུ་ངལ་དེ་བས་ཆེ། སྐུ་ཉིད་མཆོག་དེ་སྔ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ཀྱི་ཆེས་མཐོའི་སྐུ་ཚབ་གནང་སྐབས་མགོན་མེད་ཉམ་ཐག་རྣམས་སྲུང་སྐྱོབ་དང་ཁོང་ཚོའི་དཀའ་ངལ་སེལ་སླད་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ཐུགས་ཁུར་ཧ་ཅང་ཆེན་པོའི་ཐོག་ནས་དུས་རྟག་ཏུ་འབད་བརྩོན་རྒྱ་ཆེ་གནང་བར་ང་ཚོས་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། སི་རི་ཡའི་ཟིང་འཁྲུག་སྐབས་ཀྱི་སྐྱབས་བཅོལ་བ་གཙོ་གྱུར་འཛམ་གླིང་ཁྱོན་དུ་སྐྱབས་བཅོལ་བའི་དཀའ་ངལ་སེལ་ཐབས་ཆེད་སྐུ་ཉིད་མཆོག་གིས་ལམ་སྟོན་དབུ་ཁྲིད་གནང་བ་དེས་འགྲོ་བ་མི་རིགས་ཡོངས་ལ་བག་ཆགས་བཟང་པོ་ཞིག་བཞག་ཡོད།
ངས་སྐུ་ཉིད་མཆོག་གི་ལས་ཡུན་རིང་ལས་དོན་གང་ཅིར་བྱ་བ་ལམ་ལྷོང་ཡོང་བ་དང་། ཉམ་ཐག་མགོན་མེད་རྣམས་ཀྱི་མགོན་སྐྱབས་ཏུ་གྲགས་པའི་མཚན་སྙན་གྱི་བ་དན་མུ་མཐུད་འདེགས་ཐུབ་པ། དེ་བཞིན་བོད་དོན་གླེང་བ་བརྒྱུད་རྒྱལ་ཚོགས་ཀྱི་ནུས་པ་དེ་ཞི་བའི་ལམ་ནས་བོད་དོན་བདེན་མཐའ་གསལ་བའི་ཁ་ཕྱོགས་སུ་འཁྲིད་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།
སྤྱིར་སྐུ་ཞབས་ཨེན་ཊོ་ནིའོ་གུ་ཆེ་ར་སི་མཆོག་ནི་དེ་སྔའི་པོར་ཅུ་གལ་ Portugal ཡུལ་གྱི་སྲིད་བློན་གནང་མྱོང་ཡོད་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ཀྱི་ཆེས་མཐོའི་སྐུ་ཚབ་ཀྱང་གནང་མྱོང་ཡོད། ཐེངས་འདིར་ཕྱི་ཟླ་ ༡༠ ཚེས་ ༥ ཉིན་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་ཁུངས་ནང་འོས་བསྡུའི་ལམ་ནས་ཁོང་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་བསྐོ་གཞག་གནང་བ་ཞིག་ཡིན་འདུག འོས་བསྡུའི་སྐབས་ཁོང་ལ་རྒྱབ་སྐྱོར་གནང་མཁན་ ༡༣ དང་འོས་གྲངས་གཉིས་བར་གནས། དགག་བྱ་བྱེད་མཁན་བྱུང་མེད། ཁོང་གིས་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡ ནས་ལས་ཁུར་དངོས་སུ་དབུ་འཛུགས་གནང་རྒྱུ་ཡིན་འདུག
སྤྱིར་བོད་དོན་ལ་མཚོན་ན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་ཕྱི་ལོ་ ༡༩༥༩།༡༩༦༡།༡༩༦༥ བཅས་སུ་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཐེངས་གསུམ་བཞག་གནང་འདུག །