༢༠༡༦ ཟླ་ ༡༠ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །ཀོ་ལམ་བྷི་ཡའི་ Colombian སྲིད་འཛིན་སྐུ་ཞབས་ཡོན་མེ་ནུལ་སན་ཏོ་སི་ Juan Manuel Santos མཆོག་ནས་ཡུལ་དེའི་སྲིད་གཞུང་དང་འཐབ་རྒོལ་བྱེད་བཞིན་པའི་གྱེན་ལོག་ཤོག་ཁག་ FARC ཞེས་པ་དང་འགྲིག་འཇགས་ཡོང་ཐབས་གནང་བའི་འབད་བརྩོན་ལ་བརྟེན། ཕྱི་ལོ་ ༢༠༡༦ ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ Nobel Prize for Peace དེ་བཞིན་སྲིད་འཛིན་ཡོན་མེ་ནུལ་སན་ཏོ་སི་མཆོག་ལ་འབུལ་རྒྱུའི་གསལ་བསྒྲགས་གནང་བར་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྲིད་འཛིན་མཆོག་ལ་འཚམས་འདྲི་ཞུས་པའི་ནང་འཁོད་དོན།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཁུང་རུས་པའི་གཏིང་ནས་སྐུ་ཉིད་མཆོག་ལ་འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། གཟེངས་རྟགས་འདི་ནི་སྐུ་ཉིད་མཆོག་གིས་ཀོ་ལམ་བྷི་ཡའི་ནང་ཡུན་རིང་ནས་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས་སླད་ངལ་བ་ཁྱད་གསད་ཐོག་ནས་འབད་བརྩོན་ཆེན་པོས་རྒྱལ་ཁབ་ནང་ཞི་བདེ་བསྐྲུན་ཐབས་གནང་བཞིན་པའི་འབད་བརྩོན་ལ་ངོས་འཛིན་གྱི་རྒྱབ་སྐྱོར་ཐོབ་པ་ཞིག་ཡིན།
གཟེངས་རྟགས་འདི་ནི་ཀོ་ལམ་བྷི་ཡའི་མི་མང་སྤྱི་དང་། ལྷག་པར་ནང་འཁྲུག་སྐབས་རྐྱེན་འདས་སུ་གྱུར་བའི་མི་མང་རྣམས་ལ་རྗེས་དྲན་གུས་འདུད་དང་། དཀའ་ངལ་ལ་མ་འཛེམས་པར་སྲིད་གཞུང་དང་གྱེན་ལོག་ཤོག་ཁག་དབར་ཞི་འགྲིག་ཡོང་ཆེད་འབད་བརྩོན་གནང་བཞིན་པའི་སྒྲིག་འཛུགས་རྣམས་ཀྱིས་མུ་མཐུད་འབད་བརྩོན་གནང་བཞིན་པ་དེར་ངོས་འཛིན་གནང་བ་ཞིག་ཡིན།
གཟེངས་རྟགས་འདིས་འཛམ་གླིང་ནང་ཕྱོགས་གཉིས་དབར་གྱི་མི་མཐུན་པའི་གནས་སྟངས་ཇི་འདྲ་ཞིག་ཡིན་རུང་ཕན་ཚུན་ཞི་འགྲིག་ཡོང་རྒྱུའི་ཐབས་ལམ་ཉག་ཅིག་དེ་འཚེ་མེད་ཞི་བ་གྲོས་མོལ་གྱི་ཐབས་ལམ་འབའ་ཞིག་ཡིན་པ་གསལ་སྟོན་གནང་ཡོད། ང་ཚོས་སྐུ་ཉིད་མཆོག་གི་འཐབ་རྩོད་ལ་རྒྱབ་སྐྱོར་ཞུས་པ་དང་སྦྲགས། སྐུ་ཉིད་མཆོག་དང་ཀོ་ལམ་བྷི་ཡའི་མི་མང་གིས་ཞི་བདེའི་ཁོར་ཡུག་བསྐྲུན་ཆེད་འབད་བརྩོན་གནང་བཞིན་པ་དེར་རྒྱལ་ཁ་ཐོབ་ནས་ཀོ་ལམ་བྷི་ཡའི་སྲིད་གཞུང་དང་གྱེན་ལོག་ཤོག་ཁག་གཉིས་དབར་ཞི་འགྲིག་ལྷིང་འཇགས་ཡོང་སླད་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་འདུག །