༢༠༡༦ ཟླ་ ༡༠ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༢ དང་ ༢༣ བཅས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲོག་འོག ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་བསྟན་འཛིན་བྱམས་ཆེན་ལགས། འཇམ་དཔལ་གཞོན་ནུ་ལགས་བཅས་ཀྱིས་སྒང་ཏོག་ཁུལ་གྱི་མཐོ་སློབ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་བོད་རིགས་ན་གཞོན་ཁག་གཅིག་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ཟབ་སྦྱོང་གནང་འདུག དེ་ཡང་ཉིན་གྲངས་གཉིས་རིང་གི་ཟབ་སྦྱོང་སྐབས་མཐོ་སློབ་འདྲ་མིན་ནས་བོད་པའི་སློབ་མ་གྲངས་ ༡༥ དང་ས་གནས་འཐུས་ཚོགས་ཀྱི་ཚོགས་མི་དང་། གཞུང་འབྲེལ་མིན་པའི་ཚོགས་པ། དེ་བཞིན་ས་གནས་བོད་མི་བཅས་ཁྱོན་མི་གྲངས་ ༥༠ ཙམ་མཉམ་ཞུགས་གནང་ཡོད། སྤྱིར་ཟབ་སྦྱོང་སྐབས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ། གྲུབ་འབྲས་བཅས་ཀྱི་སྐོར་དང་། བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་སྐོར་ངོ་སྤྲོད་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གཉིས་སྨན་དབུ་མའི་ལམ་གྱི་སྐོར་བགྲོ་གླེང་དང་། དོགས་འདྲི་ཁག་ལ་ལན་འདེབས་ཞིབ་ཕྲ་གནང་ཡོད། །