༢༠༡༦ ཟླ་ ༡༠ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༨ ཉིན་སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་ནང་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་སྐོང་ཚོགས་གནང་འདུག
དེ་ཡང་ཚོགས་འདུའི་ཐོག་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མཱན་མཆོག་གིས་དབུས། ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ས་སྦ་ཤོ་གོར་ Csaba Sogor ལགས་དང་། ལཱ་སི་ལོ་ཊོ་ཀིཤ་ Laszlo Tokes ལགས་རྣམ་གཉིས་དང་། གཞན་ཡང་གྲོས་ཚོགས་འཐུས་མིར་ཕྱག་རོགས་ཞུ་མཁན་ལས་བྱེད་གྲངས་ ༡༥། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་དོན་ཁང་གི་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚན་པའི་འབྲེལ་ཡོད་ལས་བྱེད་རྒན་ཁང་རིག་འཛིན་ལགས་བཅས་མཉམ་ཞུགས་གནང་འདུག
ཚོགས་འདུའི་གྲོས་གཞི་གཙོ་བོ་ནི། མ་འོངས་པར་ཡུ་རོབ་གྲོས་ཚོགས་སུ་བོད་ཀྱི་གནད་དོན་ཤུགས་ཆེ་རུ་བཏང་རྒྱུ་དང་གླེང་སློང་ནུས་པ་ལྡན་པ་ཞིག་ཡོང་ཐབས་སོགས་ཀྱི་ཆེད་གོ་བསྡུར་གནང་འདུག ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མཱན་མཆོག་གིས་ཉེ་ལམ་སྦར་སིལ་དུ་གྲོས་ཚོགས་འཐུས་མི་ཁག་གཅིག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་སྐོར་དང་། དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དང་འབྲེལ་བའི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་།
གྲོས་ཚོགས་འཐུས་མི་སྐུ་ཞབས་ཊོ་ཀེ་སི་ Mr Tokes ལགས་ཀྱིས་ཉེ་ཆར་སི་ཊར་སི་བྷག་ Strasbourgཏུ་༸གོང་ས་མཆོག་དབུ་བཞུགས་ཐོག་ཡུ་རོབ་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་འདུར་མཉམ་ཞུགས་བྱས་ཡོད་སྐོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་ཡོད་པ་དང་། སྐུ་ཞབས་སོ་གོར་ Mr Sogor ལགས་ཀྱིས་ཀྱང་སྦར་སེལ་དང་རྒྱ་གར་དུ་བོད་དོན་དང་འབྲེལ་བའི་ལས་རིམ་འདྲ་མིན་ཐོག་མཉམ་ཞུགས་ཐུབ་པ་བྱུང་ཡོད་སྐོར་སོགས་གསུངས། ཚོགས་འདུར་མཉམ་ཞུགས་གནང་བའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཡོངས་ནས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་འདུག
གཞན་ཡང་ཉེ་སྔོན་བོད་མིའི་སྐུ་ཚབ་རྣམ་པས་ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཞོན་སྐུ་ཞབས་པེ་རེ་ད་ Preda མཆོག་དང་ལྷན་ཟུར་དུ་མཇལ་རྒྱུ་བྱུང་ཡོད་ཅིང་། སྐབས་དེར་ཁོང་གིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གྱིས་གྲོས་ཚོགས་སུ་གླེང་སློང་ཡོང་ཐབས་གནང་རྒྱུ་ཡིན་སྐོར་གསུངས་འདུག གྲོས་ཚོགས་འཐུས་མི་ཁོང་ནི་ཟླ་བ་སྔོན་མར་སྦར་སེལ་ Brussels ནང་༸གོང་ས་མཆོག་དབུ་བཞུགས་ཐོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ དབུ་འབྱེད་སྐབས་གཏམ་བཤད་གནང་མཁན་ཁོངས་སུ་ཡོད་འདུག
ཕྱོགས་མཚུངས་ཕྱི་ཚེས་ ༡༧ རེས་གཟའ་ཟླ་བའི་ཉིན་བོད་མིའི་སྐུ་ཚབ་རྣམ་པས་སྐུ་ཞབས་ཐོ་མ་སི་མན་མཆོག་དང་ལྷན་ཟུར་དུ་མཇལ་འཕྲད་གནང་ཡོད་པ་བཅས།།