༢༠༡༦ ཟླ་ ༡༠ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༧ ནས་ཚེས་ ༢༠ བར་ཉིན་གྲངས་བཞིའི་རིང་རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་བློ་བཟང་སེངྒེ་མཆོག་དང་། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། དེ་བཞིན་ས་གནས་ཁག་ ༤༣ ནས་ཚོགས་བཅར་བ་ས་གནས་འགོ་འཛིན་རྣམ་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་མཆོག་གིས་ཚོགས་འདུ་དབུ་འབྱེད་ཀྱི་སྣང་གསལ་ཞལ་ཕྱེ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་གྲུབ་མཚམས། བཀའ་བློན་རྣམ་པས་རིམ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས། དེ་ནས་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་ལྷན་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་གུས་འདུད་མཚོན་སླད་ངག་བཅད་སྐར་མ་གཅིག་རིང་ཞུས་ཡོད།
དེ་རྗེས་རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་གྲུབ་རྗེས་ནང་སྲིད་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། དེ་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ས་གནས་འགོ་འཛིན་རྣམས་ཀྱི་ཚོགས་ཆེན་ཐེངས་བཅུ་གཅིག་དང་དབུས་བོད་མིའི་ངལ་སེལ་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐེངས་དྲུག་པའི་ཚོགས་འདུའི་ཚོགས་མགོན་ཐོག་ཕེབས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། དེ་བཞིན་ནང་སྲིད་ལས་ཁུངས་ཀྱི་དྲུང་ཚབ་གཅོས་པའི་ལས་བྱེད་རྣམ་པ། དེ་རིང་འདིར་ཆེད་དུ་མངགས་ནས་ཕེབས་པའི་ས་གནས་ཁག་གི་འགོ་འཛིན་རྣམ་པ་བཅས་ལ་ནང་སྲིད་ལས་ཁུངས་ཀྱི་ཚབ་ཞུས་ཏེ་རྣམ་པ་ཚང་མ་ལ་སྔ་དྲོ་བདེ་ལེགས་ཞུ་རྒྱུ་ཡིན། རྩ་བའི་ནང་སྲིད་ལས་ཁུངས་ཀྱི་ཚོགས་ཆེན་འདི་ཕྱི་ལོ་ ༢༠༡༥ ལོའི་ནང་ལ་གཅིག་ཚོགས་པ་རེད། སྤྱིར་བཏང་བྱས་པ་ཡིན་ན་ལོ་གནངས་འཆར་བྱས་ནས་ཚུགས་རྒྱུའི་འཆར་གཞི་གཅིག་ཐུགས་གཏན་འཁེལ་ཡོད། འོན་ཀྱང་ཉེ་ཆར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་བློན་རྣམ་པ་གསར་དུ་འདེམས་ཐོན་བྱུང་པ་ཡིན་སྟབས་ས་གནས་འགོ་འཛན་རྣམ་པ་ཚོ་ད་རེས་ཚོགས་འདུ་ཞིག་བསྐོང་ཚོགས་ཐུབ་པ་ཡིན་ན་མ་འོངས་བཀའ་ཤག་གི་དུས་ཡུན་ལོ་ལྔའི་རིང་ལ་ལས་དོན་བྱེད་ཕྱོགས་ཐོག་ལ་ལམ་སྟོན་གནང་རྒྱུའི་ཐུགས་བསྐྱེད་ཅིག་ཆགས་ཀྱི་འདུག ཅེས་བཀའ་ཕེབས་པ་བཞིན་ད་ལོ་ཕྱི་ཟླ་བརྒྱད་པའམ་དགུ་པའི་ནང་ཚོགས་འདུ་གོ་སྒྲིག་བྱེད་རྒྱུའི་ལས་རིམ་འདི་ཐུགས་གཏན་འཁེལ་བ་རེད། ཅེས་ཞུ་རྒྱུ་ཡིན།
རྩ་བའི་དེ་རིང་ང་ཚོ་བཀའ་བསྡུར་གནང་རྒྱུ་ནི་གྲོས་གཞི་དོན་ཚན་བཞི་ཙམ་ཐོག་ལ་བཀའ་བསྡུར་གནང་རྒྱུ་རེད། ས་གནས་སོ་སོའི་ནང་ལ་གྲ་འགྲིག་པ་དང་མཐུན་པ་རྣམས་ཀྱི་ཐོག་དམིགས་བསལ་བཀའ་མོལ་གནང་རྒྱུའི་གནད་དོན་གང་ཡང་ཆགས་ཀྱི་མེད། མ་འོངས་པར་བཀའ་ཤག་སྐབས་བཅོ་ལྔའི་དུས་ཡུན་ལོ་ལྔའི་རིང་ལ་ས་གནས་འགོ་འཛིན་རྣམ་པ་ཚོས་ལས་དོན་བྱེད་ཕྱོགས་ཐོག་ལ་འཆར་གཞི་གང་འདྲ་ཞིག་གདིང་དགོས་པ་དང་། དགོངས་པ་གང་འདྲ་བཞེས་དགོས་ཀྱི་ཡོད་པ། དེ་ཚོའི་ཐོག་ལ་བཀའ་བསྡུར་གནང་རྒྱུའི་གྲོས་གཞི་དོན་ཚན་བཞི་གཏན་འབེབས་བྱས་ཡོད། གྲོས་གཞི་དེ་ཚོ་གློ་བུར་དུ་མ་ཡིན་པར་སྔ་ས་ནས་ནང་སྲིད་ལས་ཁུངས་ངོས་ནས་ཆ་ཚང་བང་སྒྲིག་སྟེ་ས་གནས་སོ་སོའི་འགོ་འཛིན་རྣམ་པ་ཚོར་ཕུལ་ཟིན། གང་ཕུལ་བ་རྣམས་ས་གནས་འགོ་འཛིན་གཙོ་བོར་གྱུར་པའི་ས་གནས་སོ་སོའི་ནང་ལ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་ཚོའི་ཐོག་ལ་བརྒྱ་དཔོན་དང་བཅུ་དཔོན་ཡན་ཆ་ཚང་བཀའ་བསྡུར་གནང་ནས་ས་གནས་སོ་སོའི་ལས་དོན་གྲོས་གཞི་དང་འབྲེལ་བའི་གནད་དོན་ཐོག་ལ་དགོངས་འཆར་བཀའ་བསྡུར་གནང་རྒྱུ་གང་དང་གང་ཡོད་པ་དེ་ཚོའི་ཐོག་ལ་གྲ་སྒྲིག་གནང་རོགས་ཅེས་ང་ཚོས་ཞུས་ཡོད། ཞུས་པ་གཞིར་བཟུང་ས་གནས་སོ་སོའི་ལས་དོན་བྱེད་ཕྱོགས་ཐོག་ལ་དགོངས་འཆར་ལྷུག་པོ་ཡོང་གི་རེད། ཡོང་རྒྱུའི་རེ་བའང་ཞུ་བཞིན་ཡོད།
ད་ཆ་བཀའ་ཤག་སྐབས་བཅོ་ལྔ་པའི་དུས་ཡུན་ལོ་ལྔའི་རིང་ལ་གཙོ་བོ་བཀའ་ཤག་གི་ལྔ་དང་ལྔ་བཅུའི་ལས་འཆར་ཞིག་སྔ་ས་ནས་ཡོད་པ་རེད། ལྔ་དང་ལྔ་བཅུའི་གོ་དོན་གང་རེད་ཟེར་བ་ཡིན་ན་བཀའ་ཤག་གི་དུས་ཡུན་ལོ་ལྔའི་རིང་ལ་མ་འོངས་པར་༸སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་དང་མཛད་པ་འཕྲིན་ལས་ལ་བརྟེན་ནས་གཞིས་བྱེས་བོད་མི་མཉམ་འཛོམས་བྱུང་རྒྱུའི་གོ་སྐབས་ཤིག་བྱུང་ན་ལྷ་རབ་རེད། ད་བར་འཐབ་རྩོད་བྱེད་རྒྱུ་གཙོ་བོ་ནི་བོད་ནང་རང་དབང་སླར་གསོ་བྱུང་ནས་ལོག་རྒྱུའི་དམིགས་ཡུལ་གཙོ་བོ་འདི་འཛིན་བཞིན་ཡོད། གལ་སྲིད་དེ་ལྟར་མ་བྱུང་བར་རྒྱ་གར་ནང་མུ་མཐུད་ད་དུང་ལོ་བཞི་བཅུ་ལྔ་བཅུ་གནས་དགོས་བྱུང་ཡང་། ད་ལྟའི་གནས་སྟངས་འདི་ཇི་འདྲ་ཞིག་ཡོད། མ་འོངས་པར་གང་འདྲ་བྱས་ནས་གནང་གི་རེད། དེ་ཚོའི་ཐོག་ལ་བཀའ་བསྡུར་གནང་རྒྱུའི་ལས་རིམ་ཞིག་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་གནང་བ་དང་ཆབས་ཅིག་གསུང་དོན། ནང་སྲིད་བཀའ་བློན་མཆོག་གིས་གསུངས་པ་བཞིན་གཞི་རྩའི་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཕྱི་ལོ་ ༢༠༡༥ ལོར་ཚོགས་ཟིན་པར་བརྟེན། ཕྱི་ལོ་ ༢༠༡༧ ལོར་འཚོགས་རྒྱུའི་ལམ་ལུགས་ཡོད་་ཀྱང་ད་ལམ་ཆེད་དུ་བསྔགས་ནས་གཅིག་ཚོགས་ན་བསམས་པ་རེད། ཕྱོགས་གཅིག་ནས་ད་ལམ་བཀའ་ཤག་གསར་པ་ཆགས་ཡོད། ཕྱོགས་གཞན་ཞིག་ནས་དུས་རྟག་ཏུ་ས་གནས་འགོ་འཛིན་རྣམ་པ་ཚོ་ཧ་ཅང་གལ་ཆེན་པོ་རྩི་གི་ཡོད། བཀའ་ཤག་གསར་པ་དང་མཉམ་དུ་ལས་འཆར་གསར་པ་འགའ་ཤས་ཡོང་གི་ཡོད། རྩ་བའི་ཡིག་ཐོག་ནས་བཀོད་ཁྱབ་དང་རྩ་འཛིན་ཡིག་ཆ་གཏང་བ་ལས་ཉིན་གྲངས་གཉིས་གསུམ་རིང་འདིར་འཛོམས་ཏེ་བཀའ་བསྡུར་ལྷུག་པོ་བྱུང་བའི་ཐོག་ནས་ཚོགས་འདུ་ཚོགས་པ་ཡིན་ན། ཐུགས་ཕན་གསོ་བ་ཡོང་གི་བསམས་པའི་ཐོག་ནས་བཀའ་ཤག་ནས་ད་རེས་ཚོགས་འདུ་བསྐོང་ན་ཞེས་རྣམ་པ་ཚོ་འདིར་ཕེབས་པ་ཆགས་ཀྱི་ཡོད།
དེ་རིང་དབུ་འབྱེད་མཛད་སྒོའི་རྗེས་ངས་འགོ་ཁྲིད་སྐོར་དང་། དེ་བཞིན་ཕྱི་ཚེས་ ༡༩ ཉིན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ཟབ་སྦྱོང་ཡོད་སྟབས་ཞིབ་ཕྲ་ཞུ་མི་དགོས་ན་བསམས་སོང་། འགོ་ཁྲིད་འདི་གལ་ཆེན་པོ་རྩི་བཞིན་ཡོད། རྩ་བའི་སློབ་ཕྲུག་དང་ལས་བྱེད་རྣམས་ལ་འགོ་ཁྲིད་དང་འབྲེལ་བའི་ཟབ་སྦྱོང་སྤྲད་མྱོང་ཡོད།
བཀའ་ཤག་གིས་འགན་འཁུར་ཏེ་ས་གནས་ས་ཐོག་གི་འགོ་ཁྲིད་དེ་ས་གནས་འགོ་འཛིན་རྣམ་པ་ཆགས་ཀྱི་ཡོད་སྟབས། རྣམ་པ་ཚོས་འགོ་ཁྲིད་གནང་སྟེ་ཕྱག་ལས་གནང་མཁན་ཞིག་ལ་ང་ཚོས་ངོས་འཛིན་ཞུ་གི་ཡོད། འོན་ཀྱང་དེ་རིང་སྲིད་སྐྱོང་ངོས་ནས་འགོ་ཁྲིད་སྐོར་གཏིང་ཟབ་པོ་དང་གྲ་རྒྱས་པོ་ཞིག་ཡོད་རེད་དགོངས་པ་ཡིན་ན། དེ་འདྲ་དམིགས་བསལ་གང་ཡང་ཡོད་མ་རེད། དེ་དྲན་སྐུལ་རང་ཞུ་རྒྱུ་ཡིན།
དབུ་མའི་ལམ་ནི་ཧ་ཅང་གལ་ཆེན་པོ་རེད། དབུ་མའི་ལམ་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་རེད། སྲིད་བྱུས་འདི་འགྲེལ་བརྗོད་དང་ལག་བསྟར་བྱ་རྒྱུའི་འགན་དེ་བཀའ་ཤག་ལ་ཡོད། ས་གནས་ས་ཐོག་ནས་ས་གནས་འགོ་འཛིན་རྣམ་པར་ཡོད། དབུ་མའི་ལམ་སྐོར་འགྲེལ་བཤད་འགོ་འཛུགས་རྒྱུ་དང་མཇུག་བསྐྱལ་རྒྱུ་མཐའ་མ་དེ་བཀའ་ཤག་གི་བྱེད་ཀྱི་རེད། དབུ་མའི་ལམ་སྐོར་ས་གནས་ས་ཐོག་ནས་འགྲེལ་བཤད་བསྐྱོན་རྒྱུ་དང་གོ་ནོར་ཐེབས་རྒྱུ་དེ་གང་རེད་ཅེས་ན། མཁས་པ་སུ་འདྲ་ཞིག་ཕེབས་པ་ཡིན་ནའང་མཐའ་མའི་ཐག་གཅོད་དེ་བཀའ་ཤག་གིས་བཤད་པ་དེ་མཐའ་མ་རེད། དེ་གཞིར་བཞག་འགྲོ་དགོས་ཀྱི་ཡོད། དེར་བརྟེན་ས་གནས་འགོ་འཛིན་རྣམ་པས་དབུ་མའི་ལམ་སྐོར་གཏིང་ཟབ་པོ་མཁྱེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་སོང་།
སྤྱིར་བཀའ་ཤག་སྐབས་ ༡༥ ཐོག་ནས་ཕལ་ཆེར་ཕྱི་ཟླ་བཞི་པ་ཙམ་གྱི་ནང་བཀའ་བློན་རྣམ་པ་དང་། དྲུང་ཆེ་འགའ་ཤས་ས་གནས་ས་ཐོག་ཏུ་འཚམས་འདྲི་དང་སྦྲགས་ཕྱོགས་བསྐྱོད་ལ་ཕེབས་ཀྱི་རེད། སྐབས་དེ་དུས་དབུ་མའི་ལམ་དང་འབྲེལ་བའི་ཐོག་ནས་གསུང་བཤད་གནང་གི་རེད་དྲན་གྱི་འདུག
ད་རེས་ས་གནས་འགོ་འཛིན་རྣམ་པར་ཟབ་སྦྱོང་གནང་དགོས་དོན་ནི་ཕྱི་ལ་ཞུ་དགོས་པ་དང་མི་དགོས་པའི་གནས་སྟངས་མང་པོ་ཡོད། བྱུང་བ་ཆ་ཚང་མར་ཞུས་པ་ཡིན་ན། ནང་དོན་འདི་རྣམ་པ་ཚོས་མཁྱེན་པ་ཡིན་ན། ངེས་པ་རྙེད་པ་དང་། གདེང་སྤོབས་ཡོད་པའི་ཐོག་ནས་མི་མང་ལ་དབུ་མའི་ལམ་གྱི་སྐོར་གོ་རྟོགས་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན་དབུ་མའི་ལམ་སྐོར་ཟབ་སྦྱོང་སྤྲད་ཕྱིར་ཕྱི་ཚེས་ ༡༩ ཉིན་ཆུ་ཚོད་གསུམ་བཞག་ཡོད། ཅེས་ཞུ་རྒྱུ་ཡིན། ཞེས་དང་། གཞན་ཡང་སྲིད་སྐྱོང་མཆོག་གིས་ལྔ་དང་ལྔ་བཅུའི་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་ནང་སྲིད་དྲུང་ཚབ་འཆི་མེད་རིག་འཛིན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་ཀྱི་མཛད་སྒོ་གྲོལ་ཡོད་པ་བཅས།།