༢༠༡༦ ཟླ་ ༩ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༠ ཉིན་སྐབས་ ༡༦ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དང་པོའི་ཐོག་བོད་མི་མང་མདོ་སྨད་སྤྱི་ཟུར་བསྟན་འཛིན་མགོན་པོ་ལགས་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྱི་སྤྱི་མོས་གྲོས་ཆོད་བཞག་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩་༣༠ ཐོག་གྲོས་ཚོགས་དབུ་འཛུགས་གནང་སྟེ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་སྤྱི་ཟུར་བསྟན་འཛིན་མགོན་པོ་ལགས་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༦ ཉིན་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༣ སྙན་སྒྲོན་གནང་དོན།
སྔོན་གླེང་།
བོད་མི་མང་མདོ་སྨད་སྤྱི་ཟུར་བསྟན་འཛིན་མགོན་པོ་མཆོག་ཡུན་རིང་སྙུང་སྟེ་སྨན་བཅོས་གནང་ཡང་ཕན་བསྐྱེད་མ་ཐུབ་པར་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༦ ཉིན་སྔ་དྲོའི་ཆུ་ཚོད་ ༡༠།༢༠ ཐོག་རྡ་རམ་ས་ལའི་བདེ་ལེགས་སྨན་ཁང་དུ་དགུང་གྲངས་ ༥༦ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན། དམ་པ་ཁོང་ནི་ཕ་ཆོས་དཔལ་དང་མ་ཚེ་གཟུངས་སྐྱིད་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༦༠ ཟླ་ ༦ ཚེས་ ༨ ཉིན་མདོ་སྨད་བྱ་གཞུང་ཀོ་རུ་མདོར་སྐུ་འཁྲུངས། ཁོང་གི་ཕ་མ་གཉིས་ལ་བུ་ཕྲུག་གསུམ་ཡོད་པའི་ནང་ནས་ཁོང་ནི་འབྲིང་བ་དེ་ཡིན་ལ། སྐབས་དེར་ཁོང་གི་མཚན་ལ་གདུགས་དཀར་ཚེ་རིང་ཡིན་འདུག རིག་གསར་གྱི་རྩུབ་སྤྱོད་ཡོངས་སུ་མ་ཡལ་གོང་ཁོང་ལོ་ན་ཤིན་ཏུ་ཆུང་ནའང་ཕྱུགས་འཚོ་ཞོར་དུ་ཕ་རྒན་གྱི་དྲུང་དུ་ཞལ་འདོན་སོགས་ལྐོག་ཏུ་སྦྱངས། ཕྱི་ལོ་ ༡༩༧༣ ལོར་མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭར་འཛུལ་ཞུགས་གནང་། ཕྱི་ལོ་ ༡༩༧༨ ལོར་སློབ་ཐོན་གྱིས་དགེ་རྒན་དང་རྫོང་ཤེས་རིག་ལས་ཁུངས་ནང་ལས་ཀ་བྱས། དེ་རྗེས་ཕྱི་ལོ་ ༡༩༨༦ ལོའི་བོད་ཟླ་དང་པོའི་ནང་བཙན་བྱོལ་དུ་འབྱོར་ཞིང་། དེ་ནས་བཟུང་ཁོང་གི་མཚན་ལ་བསྟན་འཛིན་མགོན་པོ་ཞེས་ཡོངས་གྲགས་སུ་ཞུ་སྤྱོད་བྱུང་འདུག བཙན་བྱོལ་ནང་སྔ་རྗེས་སུ་དམངས་གཙོ་གསར་ཤོག་གི་རྩོམ་སྒྲིག་པ་དང་། ” མ་འོངས་པ་བོད་ཀྱི་གསར་འཕྲིན་ལས་ཁང་ “གི་གསར་འགོད་པ། རྡ་ས་རང་བདེན་ཚོགས་ཆུང་སྐབས་གཅིག་གི་དྲུང་ཆེ་བཅས་གནང་ཡོད་པ་མ་ཟད། རྡ་སར་ཡོད་པའི་”རྒྱལ་ཞེན་ལྷན་ཚོགས།”ནང་དུའང་ཕྱག་ལས་གནང་། དེ་བཞིན་མདོ་སྨད་དབུས་རྒྱུན་གྱི་དྲུང་གཞོན་ལོ་གསུམ་རིང་དང་། གཞན་ཡང་དགེ་རྒན་གྱི་ཕྱག་ལས་སོགས་གནང་ཡོད། ཕྱི་ལོ་ ༡༩༩༩ ཟླ་ ༩ ཚེས་ ༩ ནས་ཕྱི་ལོ་ ༢༠༠༡ ཟླ་ ༥ ཚེས་ ༢༨ བར་བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པ་དང་། སླར་ཡང་ཕྱི་ལོ་ ༢༠༠༤ ཟླ་ ༨ ཚེས་ ༡༣ ཉིན་ནས་སྐབས་བཅུ་གསུམ་པ། དེ་རྗེས་ཕྱི་ལོ་ ༢༠༠༦ ཟླ་ ༦ ཚེས་ ༡ ནས་ ༢༠༡༡ ཟླ་ ༥ ཚེས་ ༢༩ བར་སྐབས་བཅུ་བཞི་པའི་སྤྱི་འཐུས་བཅས་སུ་བདམས་ཐོན་བྱུང་སྟེ་ཁྱོན་སྐབས་གསུམ་རིང་བོད་མི་མང་མདོ་སྨད་སྤྱི་འཐུས་ཀྱི་ཐུགས་འགན་བཞེས་ཡོད། མདོར་ན། དམ་པ་ཁོང་ནི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་བའི་མཛད་རྗེས་ཅན་ཞིག་ཡིན།
གྲོས་ཆོད།
སྐུ་གཤེགས་དེ་ཉིད་ཀྱི་རླབས་ཆེན་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་གྱི་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་གཉེན་ཉེ་དང་ལྟོས་བཅས་རྣམས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༠ ལ། ཞེས་སྙན་སྒྲོན་གནང་གྲུབ་མཚམས་ཚང་མ་སྐུ་བཞེངས་ཀྱིས་སྐར་མ་ ༡ རིང་ངག་བཅད་མྱ་ངན་གུས་འདུད་ཞུས་ཡོད་པ་བཅས།།